ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་འཚོགས།

    མི་དམངས་དྲ་བ་ནས་དྲངས།    2022-08-02

ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུའི་ཐོག།

རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་འབད་འཐབ་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཆེད་དུ་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གསུང་གནང་།


      ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ7པའི་ཚེས30ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ7པའི་ཚེས29ཉིན་ནས་ཚེས30ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ད་ལོ་ནི་རང་རེའི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ངེས་གསལ་བཏོན་ནས་ལོ100འཁོར་བ་རེད། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་ཁོང་དུ་གནད་སྨིན་ཆུད་དགོས། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་བའི་ལས་འགན་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་རྒྱུན་འཁྱོངས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས། དུས་བསྟུན་མདུན་སྐྱོད་དང་དྲང་བདེན་འཛིན་ཞིང་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ཆབ་སྲིད་ནུས་པ་འདོན་སྤེལ་བཅས་བྱས་ཏེ་སྲིད་ཏང་གི་འབྲེལ་བ་དང་མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་འབད་འཐབ་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་དེ་ཡིན་ཞེས་ནན་གསུང་གནང་བ་རེད།  

     ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་དང་ཝང་དབྱང་གིས་ཕྱོགས་བསྡོམས་གསུང་བཤད་གནང་བ་རེད།

     ཞི་ཅིན་ཕིང་གིས་གསུང་བཤད་ནང་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་སྤྱི་ཡོངས་ཀྱི་ལམ་ཕྱོགས་དང་སྤྱི་ཡོངས་ཀྱི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་བརྟེན། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་སྤྱི་འདོམས་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་འཐབ་ཇུས་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པར་བརྟེན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་མ་ཟད། འཐབ་ཕྱོགས་གཅིག་གྱུར་ཐད་མཐུན་སྒྲིལ་དང་འབད་འཐབ། གསར་གཏོད། གསོན་ཤུགས་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

    ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ང་ཚོར་ལག་ལེན་ཁྲོད་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་སྟེ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། གཙོ་བོ་ནི་ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། ངེས་པར་དུ་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ། ངེས་པར་དུ་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ། ངེས་པར་དུ་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་འཕེལ་རྒྱས་ཡག་པོ་གཏོང་བ། འཐུས་སྒོ་ཚང་དུ་གཏོང་བ། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་འཛིན་པ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། ངེས་པར་དུ་ཏང་ཕྱིའི་ཤེས་ཡོན་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ། ངེས་པར་དུ་སྤྱིར་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱིར་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ། ངེས་པར་དུ་ཀང་ཨའོ་ཐའེ་དང་ཕྱི་རྒྱལ་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གྱིས་མི་སེམས་འགུགས་ཐབས་བྱེད་པའི་ནུས་པ་འདོན་སྤེལ། ངེས་པར་དུ་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་རྒྱག་པ། ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆོས་ཉིད་ཁོང་དུ་ཆུད་པ། ངེས་པར་དུ་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་བརྒྱའི་འཕེལ་རྒྱས་ལོ་རྒྱུས་ཀྱི་བློ་གྲོས་སྙིང་བཅུད་དང་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་ཕྱོགས་སྟོན་ཡིན་པར་བརྟེན། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་ལ་གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱ་དགོས།

     ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་དགྲ་བཏུལ་གཡུལ་རྒྱལ་དང་སྲིད་སྐྱོང་རྒྱལ་དར་གྱི་ཐབས་མཆོག་གལ་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚང་མར་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་ཡིན་པས་ངེས་པར་དུ་ཡུན་རིང་པོར་རྒྱུན་འཁྱོངས་བྱ་དགོས། མི་སེམས་གཏད་ཕྱོགས་དང་སྟོབས་ཤུགས་བསྡུར་བ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱལ་ཕམ་ཇི་ཡོང་གཏན་འཁེལ་བྱེད་པའི་འགག་རྩ་ཡིན་ལ། ཆབ་སྲིད་ཆེ་ཤོས་ཀྱང་ཡིན། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ངོ་བོའི་བླང་བྱ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་བྱ་རྒྱུ་དེ་ཡིན་པ་དང་ཐག་གཅོད་བྱེད་པ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཡིན། འགག་རྩ་ནི་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་རྒྱུན་འཁྱོངས་བྱས་ནས“མཐུན་སྒྲིལ། སྐྱོན་བརྗོད། མཐུན་སྒྲིལ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པའི་ཁྲོད་གཅིག་མཐུན་རང་བཞིན་འཚོལ་ཞིབ་བྱས་ནས་མཐུན་ཆ་ཆེ་ཤོས་འཚོལ་ཞིབ་ཀྱིས་ཀུན་སེམས་གཅིག་ཏུ་བསྒྲིལ་དགོས། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་འགོ་ཁྲིད་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཞིག་ཡིན་པར་བརྟེན། ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་ཐུབ་པར་འགན་ལེན་བྱ་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནི་ཏང་ཡོངས་ཀྱི་ལས་དོན་ཞིག་ཡིན་པས། ངེས་པར་དུ་ཏང་ཡོངས་ཀྱིས་མཐོང་ཆེན་དང་ཚང་མས་ཐུན་མོང་དུ་བསྒྲུབས་ཏེ་ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་མཐུན་སྦྱོར། འབྲེལ་ཡོད་ཕྱོགས་ཀྱིས་རང་འགན་གཙང་སྒྲུབ་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྣམ་པ་ཆེན་པོ་གཏོད་དགོས། 

      ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ད་ཆ་འཐབ་ཕྱོགས་གཅིག་གྱུར་ལ་འཕྲད་པའི་དུས་བབ་དང་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན་ལ་འགྱུར་ལྡོག་གལ་ཆེན་འགའ་ཞིག་བྱུང་ཡོད། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་གཏིང་ཟབ་འགྲོ་བཞིན་ཡོད་པར་བརྟེན། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་དེ་བས་གལ་འགངས་ཆེ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྟེ་གནས་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་དེ་བས་གལ་འགངས་ཆེ་བ། རང་རྒྱལ་སྤྱི་ཚོགས་ཀྱི་གྲུབ་ཆར་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་ཏང་གི་གྲལ་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཏང་གི་མང་ཚོགས་ཀྱི་རྨང་གཞི་རྒྱ་སྐྱེད་གཏོང་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་དེ་བས་གལ་འགངས་ཆེ་བ་བཅས་རེད། ང་ཚོས་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་འོས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་ཆེན་པོའི་ཐོག་ནས་ལས་དོན་ཡག་པོ་བསྒྲུབ་དགོས།

      ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་མཐུན་སྒྲིལ་ལས་བྱུང་བ་དང་མཐུན་སྒྲིལ་ལ་བརྟེན་ནས་དར་རྒྱས་བྱུང་བ་ཞིག་ཡིན། ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། ལས་དོན་དེ་ཡག་པོ་སྒྲུབ་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་བསམ་བློ་བརྟན་སྲུང་དང་ཐུན་མོང་གི་ངོས་འཛིན་རྒྱ་སྐྱེད་གཏོང་བའི་འབྲེལ་བར་ཁོང་དུ་ཡག་པོ་ཆུད་པ་བྱ་དགོས་ཤིང་། ཐུན་མོང་གི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཏང་ཤོག་མི་འདྲ་བ་དང་མི་རིགས་མི་འདྲ་བ། རིམ་གྲས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ། དད་སེམས་མི་འདྲ་བ་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་འོག་འཚོ་བ་རོལ་བཞིན་པའི་ཀྲུང་ཧྭའི་བུ་ཕྲུག་ཚང་མར་མཐུན་སྒྲིལ་བྱ་དགོས། མངོན་མེད་གྲུབ་འབྲས་དང་གྲུབ་འབྲས་མངོན་གསལ་གྱི་འབྲེལ་བར་ཁོང་དུ་ཡག་པོ་ཆུད་པ། ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས། རྩ་དོན་རང་བཞིན་དང་བབ་བསྟུན་རང་བཞིན་གྱི་འབྲེལ་བར་ཁོང་དུ་ཡག་པོ་ཆུད་བྱ་དགོས། བྱེད་ཕྱོགས་སྲིད་ཇུས་ཀྱི་རྩ་དོན་རང་བཞིན་དང་ཁ་གཏད་གཅོག་ཐབས་ཀྱི་བབ་བསྟུན་རང་བཞིན་ཟུང་འབྲེལ་བྱེད་མཁས་པོ་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་མཐའ་ཚད་བརྟན་པོར་བསྲུང་དགོས་ལ། ཞིབ་ཕྲའི་གནད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ནས་ལས་ཀའི་བྱེད་ཐབས་ལ་གཙིགས་ཆེན་བྱ་དགོས། མཐུན་སྒྲིལ་དང་འཐབ་རྩོད་ཀྱི་འབྲེལ་བར་ཁོང་དུ་ཡག་པོ་ཆུད་དགོས་ལ། འཐབ་རྩོད་བྱེད་མཁས་པོ་དང་འཐབ་རྩོད་ཀྱི་འཇོན་ཐང་ཇེ་དྲག་ཏུ་བཏང་ནས་སྲ་ཞིང་བརྟན་པའི་མཐུན་སྒྲིལ་ངོ་མ་ཡོང་གང་ཐུབ་བྱ་དགོས།

      ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་བླ་ན་མེད་པའི་མཐོང་ཆེན་བྱས་ཏེ་སྔ་རྗེས་སུ་འབྲེལ་ཡོད་ཁྲིམས་སྲོལ་ཡིག་ཆ་གལ་ཆེན་ཡོངས་བསྒྲགས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་གི་ཞིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་སོགས་ཚོགས་འདུ་གལ་ཆེན་འཚོགས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་བླང་བྱ་ཁ་གསལ་བཏོན་པ་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རྣམས་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱ་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་དེ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་རྒྱག་པ། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་མང་མཉམ་ལས་དེ་བས་ཚད་ལྡན་དང་གོ་རིམ་ལྡན་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཡོང་བར་སྐུལ་འདེད་གཏང་དགོས། ཏང་ཕྱིའི་ཤེས་ཡོན་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་རྒྱག་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྩ་བར་འཛིན་པ་དང་རྒྱལ་གཅེས་འབད་འཐབ་དམིགས་ཡུལ་དུ་བྱས་ཏེ། ཁོང་ཚོས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ནས་བྱས་རྗེས་འཇོག་པ་དང་བཅོས་བསྒྱུར་གསར་གཏོད་ཀྱི་ལས་གྲྭ་དང་པོར་ཧུར་ཐག་ཞུགས་ཏེ་འཇོན་ཐང་འདོན་པ་དང་ཕུགས་བསམ་ཆེན་པོ་སྒྲུབ་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱ་དགོས། སྤྱིར་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱིར་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་ཚུལ་གྱི་སློབ་གསོ་གཏིང་ཟབ་སྤེལ་ཞིང་། ཁོང་ཚོར་རོགས་རམ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་དང་མཐུན་པའི་འཛུགས་སྐྲུན་པ་ཞིག་བྱ་དགོས། ཕྱི་རྒྱལ་གྱི་རྒྱལ་གཅེས་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་ཀྲུང་གོར་ཤེས་རྟོགས། ཀྲུང་ཧྭའི་མཛའ་གྲོགས་ཀྱི་སྟོབས་ཤུགས་ཆེན་པོ་སྐྱེད་སྲིང་བྱས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་དང་དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏང་དགོས། དྲྭ་རྒྱའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་དྲྭ་རྒྱའི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དགོས།

      ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་རྒྱག་པའི་རྩ་བ་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ནས་ཏང་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་ལག་པ་འགུལ་བ་དང་འབྲེལ་ཡོད་ཕྱོགས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་པ་དེ་རེད། རིམ་ཁག་ཏང་ཨུ(ཏང་ཙུའུ)ཡིས་བྱེད་པོའི་འགན་འཁྲི་བསྒྲུབས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཉིན་ཐོའི་གྲོས་རིམ་གལ་ཆེན་ནང་བཞག་དགོས། སྡེ་ཁག་སོ་སོ་དང་སྡེ་ཚན་སོ་སོས་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་མཉམ་འཛིན་མཉམ་གཉེར། དོན་སྤྱི་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱ་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་ཇུས་འདོན་དང་རྩ་འཛུགས། མཐུན་སྦྱོར། ལྟ་སྐུལ་སོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱ་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་ཧུར་ཐག་གཏོང་བ་དང་། ལས་ཀའི་སྒྱུ་རྩལ་ལ་དང་དོད་བྱེད་པ། ལས་ཀའི་བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་གཟུགས་བརྙན་བཟང་པོ་མངོན་པར་བྱ་དགོས།

     ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ཞིང་། གསུང་བཤད་ནང་ལོ་བརྒྱའི་རིང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་དང་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁྲོད་གྲུབ་པའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཁྲིད་སྟོན་བསམ་བློ་དང་། རྩ་བའི་ལས་འགན། ལས་ཀའི་གཙོ་གནད། སྲིད་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་གནང་བ་རེད། དེར་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ཡོད་པས། སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ།“འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་འགན་སོ་སོ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། རང་རྒྱལ་འདི་ཉིད་ཕྱུག་འབྱོར་དང་དམངས་གཙོ། དཔལ་ཡོན། ཞི་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྱོང་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་གསུངས་པ་རེད།

      ཝང་དབྱང་གིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་དགོངས་པ་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་ལ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གནང་བས། ལོ་རྒྱུས་ཀྱི་གསལ་རྟོགས་ནུས་པ་ཟབ་མོ་དང་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་ནུས་པ་གལ་ཆེན། ལག་ལེན་གྱི་མཛུབ་ཁྲིད་ནུས་པ་ཆེན་པོ་བཅས་ལྡན་ཡོད། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྟོང་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། ཚོགས་འདུའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་ཞིང་གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་པ། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་དང་ལས་འགན་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱས་ནས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་གི་ལྟེ་གནས་ལས་འགན་ལ་དམིགས་ཏེ་སེམས་ནུས་གཅིག་སྒྲིལ་བྱ་དགོས། རེ་བ་སྟོང་ཟད་དུ་མི་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་སྟེ། ཞན་ཆ་སེལ་བར་འབད་བརྩོན་དང་འགན་འཁྲི་འཁུར་ཕོད་པའི་ཐད་མིག་དཔེ་འདོན་པ། ལས་དོན་སྒྲུབ་མཁས་པོ་བྱེད་པའི་ཐད་བསམ་བློ་གཏོང་བ་བཅས་བྱས་ནས། འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་སྒྲིལ་དང་འབད་འབུངས། གསར་འབྱེད། གསོན་ཤུགས་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས། ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ་དང་། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་ལས་ཀའི་རྣམ་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། དོན་དངོས་དང་བསྟུན་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་གི་ལེའུ་གསར་པ་ཧུར་ཐག་བརྩམ་དགོས།།

  • ལེ་ཚན་སྔོན་མ།:རང་རྒྱལ་མྱུར་བགྲོད་གཞུང་ལམ་གྱི་དྲ་བ་མི་འབོར་ བརྒྱ་ཆ95ལ་ཁྱབ་སྦྲེལ་ཐུབ་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།