ཟེགས་མ་ནག་མོ།

དབྱངས་ཞི་བ།        2022-08-03

མཚོ་མོ་དྭངས་ཤིང་གསལ་བའི་ཁ་དོག་གིས། །

མཚོ་ཁའི་ངང་པའི་ཡིད་དབང་ལྷད་མེད་དེ། །

མཚོ་མདངས་དམར་པོའི་རི་མོ་འབེབས་བཞིན་དུ། །

མཚོ་ཆེན་འགྲམ་ནས་འཛུམ་སེ་ཉ་ལ་བལྟས། །

བྱ་རྒོད་གཤོག་རྒྱང་གྲིབ་མ་ཐང་ལ་བཀོད། །

ཡིད་སེམས་ཆུང་བའི་གནའ་བའི་འཛུམ་ཆུང་མའི། །

མིག་ཟུང་བཅོས་མའི་སྒྱུ་རྩལ་ལ་ཆགས་ནས། །

ཟད་མེད་འཁོར་བའི་གདོང་བ་བྲིས་སུ་ཕབ། །

ཡང་ཡང་འཁོར་བའི་རྨི་ལམ་གསེབ་ཀྱི་ལྷ། །

གཞན་ལ་མ་ལབ་འབྲི་དེབ་བར་མཚམས་སུ། །

ཚིག་དང་དབྱངས་ཀྱི་བརྩེ་འཇོའི་བར་ཕྱོགས་ནས། །

གང་འདོད་ཞེ་ཡི་འོད་ཁྱིམ་མེ་ཏོག་བྲིས། །

དད་པའི་ལྷ་དཀར་རྒྱང་རིང་རྒྱང་རིང་ནས། །

འབོད་པའི་གད་རྒྱང་སྒྲོག་བཞིན་ཚེ་མཐུན་ལ། །

ཟད་མེད་ལས་འཕྲོ་ཟད་པའི་ངུ་སྒྲ་མེད། །

སྨོན་པའི་འདོད་དོན་འགྲུབ་པའི་རེ་བ་སྐུར། །



  • ལེ་ཚན་སྔོན་མ།:ཇག་ལམ་རིང་མོ།
  • ལེ་ཚན་རྗེས་མ།:ཕུགས་འདུན་གྱི་ཁ་དོག།