ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་འདི་ལྟར་གསུངས།

ཐུབ་ཀྱིས་བསྒྱུར།        2022-08-11

      ཉེ་ཆར་ཧའེ་ལན་དང་བོད་ལྗོངས་སོགས་ཀྱི་རིམས་ཚུལ་དུས་བབ་ལ་དམིགས་ནས་ཚེས9ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་བརྙན་འཕྲིན་ནས་འབའ་ཐང་དང་དཔལ་ཡུལ། སྡེ་དགེ། སེར་ཤུལ་བཅས་ཀྱི་རིམས་ཚུལ་འགོག་ཟོན་གནས་ཚུལ་དང་ལྷག་པར་རང་ཁུལ་དུ་ཡོང་བའི་འགག་ཚུགས་ཀྱི་འགོག་ཟོན་ལས་དོན་ལ་རྒྱུས་ལོན་གནང་ཞིང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

     ཧྥུང་ཧྥ་ཀུའེ་ཡིས་ད་སྔའི་རིམས་ཚུལ་འགོག་ཟོན་གྱི་དུས་བབ་ཛ་དྲག་པོ་ཡིན་ཞིང་། ལྷག་པར་དུ་བོད་ལྗོངས་སོགས་ས་གནས་ཀྱི་རིམས་ཚུལ་མཆེད་ཤུགས་མགྱོགས་པ་དང་། རང་ཁུལ་བོད་ལྗོངས་དང་ཉེ་བར་འབྲེལ་ཞིང་འགྲོ་འོང་མི་སྣ་མང་བས་རིམས་ཚུལ་འགོག་ཟོན་གྱི་ལས་འགན་ཇེ་ལྕི་རུ་སོང་ཡོད། རིམ་ཁག་དང་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་གྱི་རིམས་ཚུལ་འགོག་ཟོན་གྱི་བྱེད་ཕྱོགས་སྲིད་ཇུས་ཆ་ཚང་ལ་ཡང་དག་པའི་སྒོ་ནས་ལག་ལེན་བྱེད་པ་དང་། བྱེད་ཐབས་ཚམ་ཚོམ་བྲལ་ཞིང་ལུགས་མཐུན་གནད་ལ་སྨིན་བ་སྤྱད་དེ་དུས་ནམ་ཡང་རིམས་ཚུལ་འགོག་ཟོན་གྱི་འགོག་རྒོལ་དམག་འཐབ་ལས་རྒྱལ་ཁ་འཐོབ་པའི་བསམ་བློའི་གྲ་སྒྲིག་དང་མི་སྣའི་གྲ་སྒྲིག། ནུས་པའི་གྲ་སྒྲིག་བཅས་ཡག་པོ་བྱ་དགོས་ལ། ཕྱི་ནས་ནད་མི་འགོ་བའི་འགོག་སྲུང་ར་བ་དམ་དུ་བསྐྲུན་ནས་རིམས་ཚུལ་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་ཐུབ་པ། འཕེལ་རྒྱས་ཉེན་མེད་ཡོང་ཐུབ་པ་བཅས་ལ་ཁག་ཐེག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

      ཧྥུང་ཧྥ་ཀུའེ་ཡིས་གཅིག་ནི་བོད་ལྗོངས་ཕྱོགས་ནས་འགྲོ་འོང་བྱེད་མཁན་གྱི་མི་དང་རླངས་འཁོར་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་མི་གཅིག་ཀྱང་ཆད་ལུས་མི་འགྲོ་བ་བྱ་དགོས། གཉིས་ནི་འགག་ཚུགས་ནན་པོ་བསྲུང་དགོས། གསུམ་ནི་བྱེད་ཐབས་ཞིབ་ཕྲ་དོན་ཐོག་ནན་འཁྱོལ་བྱ་དགོས་ཞེས་ནན་གསུང་གནང་།

     ཧྥུང་ཧྥ་ཀུའེ་ཡིས་ཚེས9ཉིན་ནས་བཟུང་། ཁུལ་ཡོངས་སུ་རིམས་འགོག་ལྟ་སྐུལ་བ་བཀོད་སྒྲིག་བྱས་ཏེ། བདེ་ཐང་ཨང་རྟགས་བཤེར་བ་དང་ལྟ་བར་ལྟ་སྐུལ་ཁྲིད་སྟོན་བྱ་རྒྱུ་དང་གཅིག། ཉིང་སྐྱུར་དཔེ་འཐེན་བྱས་ཡོད་མེད་ཞིབ་བཤེར་བྱ་རྒྱུ་དང་གཉིས། ཁ་ཤུབས་རྒྱག་ཡོད་མེད་ལྟ་སྐུལ་བྱ་རྒྱུ་དང་གསུམ། ཉེན་ཁ་ཚགས་བཤེར་བྱ་རྒྱུ་དང་བཞིའི་དོན་དག་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཀུ་ཤུ་དམར་པོས་ཡུལ་སྡེ་དར་རྒྱས་ཀྱི་ལམ་བུར་འོད་སྣང་བསྩལ།
  • ལེ་ཚན་རྗེས་མ།:ཞིང་ཆེན་ལུས་རྩལ་འགྲན་ཚོགས་འཚོག་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།