འཆི་བ་བརྗེད་པའི་ནམ་མཁའ།

སད་མི།        2022-09-02

ཁོད་ཡངས་བ་ནི་ས་འཛིན་གྱི་ཕང་བའོ། ། གནས་འདི་ནས་ང་ཚོས་ཅི་ཡང་སྒྲུབ་ཆོག ། དེའི་ཕྱིར་འཆི་བ་བརྗེད་པར་བྱས། དོན་དམ་དུ་འཆི་བ་བརྗེད་པ་མེད་ཀྱང་། རྣམ་འགྱུར་དང་ལང་ཚོའི་ཁ་དོག་གིས་གློ་བུར་དུ་འཆི་བ་བརྗེད་ཅིང་ཕྱི་རོལ་ཏུ་ཧར།

འཆི་བ་ཁད་ཀྱིས་འོང་ཞིང་། རྒས་པའང་དལ་གྱིས་འོང་། འཆི་བདག་ལ་ངོ་ཆེན་ཞུ་བའི་གླགས་སུ་ལའང་མེད་པས། ང་ཚོས་དཔོན་པོ་ལ་རྒྱུ་རྫོངས་བརྒྱབ་པ་ནང་བཞིན། འཆི་བདག་ལ་རྒྱུ་རྫོངས་རྒྱག་ས་མེད། ང་ཚོས་གངས་རི་དང་རྩྭ་ཐང་བརྒལ་བ་ནང་བཞིན་འཆི་བ་ལས་ལོགས་སུ་བརྒལ་བ་མེད།

གནས་འདི་ནས་ཆུ་བཞུར་འགོ་བརྩམས་ཤིང་། རླུང་ལྡང་འགོ་ཚུགས་ནའང་། འདི་ནས་སྐྱེས་པ་དག་འདི་ནས་འཇིག་ཅིང་། ཐ་ན་འཁྱག་ལུང་ནས་ཐོན་པའི་བདག་ཀྱང་སླར་འཁྱག་ལུང་དུ་ལོག་པའི་སེམས་ཐག་བཅད། ཞེན་ཆགས་ཆེ་བ་དེ་དག ། སེམས་ནས་ཡང་ཡང་དུ་མངོན་པ་ནི་འགོག་མེད་དུ་མཆིས།

དལ་བུར་རྒྱུ་བའི་བསིལ་རླུང་འདི་ག ། འཆི་བས་འཇིག་སྐུལ་བྱས་པའི་བདག་ཉིད་ནང་བཞིན། མེ་ལོང་ཆགས་རོ་ཞིག་གི་མདུན་སར་རྟག་པར་མཆོང་ལྡིང་བྱེད་ཀྱིན་སྨིན་མའི་གསེབ་ཏུ་བསྡུས་པའི་རྡུལ་རྣམས་སྤྲུག་ཙམ་སྤྲུག་ཙམ་བྱེད། རིང་ནས་འཁྱིལ་བའི་རྒྱ་མཚོ་འདིའང་བྱབས་ཁྲུས་ལ་ལན་གཅིག་ཞུགས་པའི་བྱ་ཁྱུ་བཞིན་དུ་རྦ་རླབས་ཀྱི་དལ་བ་རིང་མོ་འགུལ་ཙམ་འགུལ་ཙམ་བྱེད།

ཉམས་ང་བ་ནི་སྒྱུ་མའི་འཇའ་ཚོན་ལྟར། རྣམ་པ་སྲ་ཡང་ལས་སླ་མོའི་ངང་རྒྱུ་མཚན་ལྟར་སྣང་ལས་ཀྱང་མངོན།

རྒྱུ་མཚན་དང་བླང་དོར་ཅུང་ཟད་རེ་ཤེས་པ་ནས་བཟུང་། ང་ནི་འདྲ་སྐུའི་མདུན་སར་གྱི་མཆོད་མེ་རྐང་གཅིག་བཞིན་དུ་ཆེས་ཡིད་དུ་མཛའ་བའི་ཤཀྱའི་སྒྲོ་ཐུར་འཛིན་པའི་བན་ཆུང་ཞིག་ཏུ་གྱུར། འདི་ནི་ང་ཙམ་མིན་པར་ང་དང་འདྲ་བའི་སྐྱེ་བོ་མང་དག་ཅིག་གི་འདས་ཟིན་པའི་ལམ་གྱི་བརྒྱུད་རིམ་སྙིང་ཉེ་བ་ཞིག་ཀྱང་ཡིན་པ་ཁོ་བོས་ཕྱིར་རྟོགས་ལས་ད་སྐབས་ཚོར་བྱུང་།

གོ་རིམ་འདི་དག་ནི་འཆི་བར་ཉེ་བའམ། འཆི་བར་བགྲོད་པའི་སྐས་རིམ་ཡིན་པའང་བདག་གིས་ཚོར། འཁྲིས་སུ་དཀྲོལ་བའི་རོལ་དབྱངས་འདི་ག ། རྒྱུད་སྐུད་ལན་གཅིག་འཐེན་པ་དེའང་རང་ཉིད་ཀྱི་ཚེ་སྲོག་ཆད་པའི་རྒྱུར་གྱུར་བ་ནི་རང་ཉིད་རང་ཉིད་ཀྱི་གཤེད་མར་གྱུར་བའོ། །

དུར་ཁྲོད་ཀྱི་ཀེང་རུས་ངོས་ཀྱི་བུ་ག་དེ་དག ། འཆི་བའི་རྗེས་ཤུལ་ཞིག་གི་ཚུལ་དུ་འདུག་ཀྱང་། འཆི་བ་ལ་རྗེས་ཤུལ་ཡོད་པ་སུས་ཀྱང་མི་འདོད། ད་དུང་། དལ་བུར་རྒས་བཞིན་པའི་སྟངས་ཀ་དེ་དག ། འཆི་བའི་སྔོན་འགྲོ་ཞིག་གི་ཚུལ་དུ་གྲུབ་ཀྱང་། འཆི་བ་ལ་སྔོན་འགྲོ་ཡོད་པའང་སུས་ཀྱང་མི་འདོད། འཆི་བ་ནི་ཉེར་བསྡོགས་དང་ཚོན་མདངས་གང་ཡང་མེད་པ་ནི་ཀུན་གྱིས་འདོད་པའོ། །

སྐད་ཅོར་རྒྱག་བཞིན་པའི་བྱིས་པ་འདི་དག་དང་། ཙོག་ཙོག་པུར་སྡོད་པའི་གྲྭ་གཞོན་འདི་དག་གི་དབྱིབས་གཟུགས་གཅིག་ཏུ་མཆིས་ཀྱང་། ནང་སེམས་ཀྱི་འཇིག་རྟེན་མི་གཅིག་སོ་སོར་གནས། ངང་ཚུལ་འདིས་ཀྱང་འཆི་བ་བརྗེད་པའི་ནམ་མཁའ་ལ་སྐར་ཚོགས་ཀྱི་འཇའ་ཚོན་འཆར་བའི་གྲ་འཛུམ་རྒྱས།

གློ་རྡེག་ཏུ་ཆར་བབས་ཤིང་བྲག་ཅ་འཁོར། ཡང་དག་མིན་པའི་འཇིག་རྟེན་འདིར། གཟབ་ནན་དང་ཞིབ་ཚགས་ཇི་ལྟར་བྱས་ཀྱང་། འདོད་པ་ཚིམ་པའི་རྩེད་ར་ཞིག་དང་ཧམ་སེམས་གང་བའི་ལས་ཀ་ཞིག་ཁྱོན་ནས་མ་རྙེད་པས། ང་ཚོར་གདོད་མའི་མཛེས་སྡུག་ལས་ཅི་ཡང་མེད་ན་འགྲིག །

ང་ཚོས་མཐའ་མེད་པའི་དཔེ་རུ་ས་གཞི་དང་ནམ་མཁའ་བཞག་ཀྱང་། མཐའ་མེད་པ་ནི་མིའི་འདོད་པ་དང་ཚད་ལས་བརྒལ་བའི་ཧམ་སེམས་ཀྱིས་གྲུབ་པའི་རང་ཉིད་དོ། །

ཁ་བ་ཁ་བའི་ཚུལ་གྱི་བབས་པའི་དགུན་ཁ་དེར། འཁྱག་ལུང་གི་ཤར་ཆུ་ལ་དར་ཁ་འགྲིག་ཀྱང་། རྗེས་སུ་ཉི་མ་འཆར་ནུབ་ཀྱི་འགྲོས་དང་བསྟུན་ནས་འཁྱག་ལ་གས་སྲུབ་དོད་པའི་འགོ་བརྩམས་ཤིང་། དེ་ལས་ཀྱང་ཤར་ཆུ་ནི་དར་ཁ་མེད་པའི་གཙང་ཆུ་ཞིག་ཏུ་གྱུར་བ་ནི་ལན་གཅིག་མིན་པའི་འཁྱག་ལུང་གི་སྟངས་ཀའམ་འགྱུར་ལྡོག་ཅིག་ཏུ་བརྩི་ཆོག །

དགུན་ཁ་རེ་རེ་ནི་འཆི་བདག་རེ་རེ་དང་འདྲ་བར་མི་རེ་རེའི་ལུས་ཀྱི་བ་སྤུ་དང་བསྡོངས་ནས་སླེབས་ཐེངས་རེར། སྙིང་ལ་སྟོན་རླུང་ལྡང་བ་ལས་ཀྱང་ལྷག་པའི་ན་ཟུག་འཕར་བ་འདི་ག །ལུགས་ཟློག་གི་གོ་རིམ་བྱས་ཀྱང་འགྱུར་བ་མེད་ཚེ། འཆི་བ་ནི་ན་ཟུག་ཅིག་ཏུ་གོ་བར་བྱའོ། །

གྱང་རྩ་རླུང་གིས་བསྒུལ་བའི་ཁ་ཕྱོགས་ལྟར། ས་སྲོད་ཀྱི་སྲད་བུ་འཐེན་པ་ནས་བཟུང་སླར་ཡང་ཉི་ནུབ་ཀྱི་ཡོལ་བ་མ་བསལ་དབར། ཟོ་ཆུན་གྱི་ཁྱུད་མོ་ནང་བཞིན་དམ་འཁྱུད་མེད་ཀྱང་འབྲལ་མི་ཐུབ་པའི་ཚུལ་གྱིས་གཅིག་རྗེས་གཅིག་མཐུད་ངང་རྟག་པར་རྒྱུ་ཞིང་རྩེན་པའི་ང་ཚོ། ཡོད་ཚད་བདེ་ལེགས་མིན་ཡང་བདེ་ལེགས་ལྟར་སྣང་བའི་ང་ཚོ། ཡོད་ཚད་འཆི་བ་ཡིན་ཡང་གསོན་པོ་ལྟར་སྣང་བའི་ང་ཚོ། ཡོད་ཚད་འགྱུར་བ་ཡིན་ཡང་རྟག་པར་ལྟར་སྣང་བའི་ང་ཚོ། མཐའ་མེད་པའི་འཁྲུལ་སྣང་གི་རྙི་རུ་ཚུད་པའི་ང་ཚོ། རྟག་པར་མཆོང་ལྡིང་བྱེད་སྙིང་འདོད་ཀྱང་།སེམས་པ་བཀྱིགས་པའི་རྙི་ཐག་འདི་དམ་དྲགས་པས། ང་ལ་རང་དབང་གི་གཤོག་པ་རྐྱོང་བའི་ས་གཞི་དང་རྒྱ་མཚོ་མི་འདུག །

ཤེས་ཡོན་གྱི་གཏོས་ཚད་ཆུང་དྲགས་པའི་ཁོ་བོའང་། ཧ་ཅང་ཁོམ་དལ་གྱི་ངང་ནས་གནས་བཞིན་པ་འདིས། དོན་དུ་ཅི་ཞིག་འབོར་བཞིན་པ་སྟེ། ཕྲག་སྟེང་དུ་ཁུར་བའི་རེ་བ་ས་རུ་བཞག་པའོ། །



  • ལེ་ཚན་སྔོན་མ།:འཇིགས་སུ་རུང་བའི་ལྷིང་འཇགས་དང་དེའི་ཁྲོད་ཀྱི་བྱམས་བརྩེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།