དཀར་གསལ་ཟླ་བ་གོར་གོར།

ལན་བུ་ཅན།        2022-08-19

   དོ་དགོང་གི་ཟླ་བ་ནི་མུ་ཁྱུད་སྐོར་ཆས་ཀྱིས་བྲིས་པ་ལྟར་གོར་གོར་རེད། དོ་དགོང་གི་ནམ་མཁའ་གཡུ་ཡི་མེ་ལོང་བཞིན་གསལ་དྭངས་དྭངས་རེད། དོ་དགོང་གི་སྐར་ཚོགས་ཀྱང་མ་བགྲོས་རང་མཐུན་གྱིས་ཟླ་བ་དང་མཉམ་དུ་སྔོ་སངས་སངས་ཀྱི་ནམ་མཁར་འཚང་ཁ་ཤིག་ཤིག་གིས་ཡོངས་སུ་བརྒྱན་འདུག། དོ་དགོང་གི་སེམས་པ་མ་བོས་ཀྱང་ཟླ་འོད་ཀྱི་མགྲོན་ལ་སོང་བ་དང་མཚུངས།

   མཚན་མོ་རེར་རང་སེམས་རང་གིས་རེག་ཐུབ་ཅིང་། མཚན་མོ་རེར་བསམ་གཞིག་གི་ཞགས་པ་མིག་ཀོང་ལ་འཁྱིལ་ཡོད་པ་ནི་སྨོས་མེད་རེད། ལྷག་པར་དུ་མཚན་མོར་གཅིག་པུར་འུ་ཅག་གི་ལོངས་སྤྱོད་དུ་གྱུར་པའི་ཟླ་བའི་མཛེས་སྡུག་དང་འཕེལ་འགྲིབ་རེ་རེས་འཛད་མཐའ་མེད་པའི་གསོལ་རས་འབུལ་བཞིན་པ་ཚོར་བས་ཟིན། མི་རྣམས་ཀྱིས་ཐོབ་པ་དག་ཤོར་བར་དོགས་པ་དང་མ་ཐོབ་པ་དག་འཐོབ་པར་འདོད་པའི་བར་ནས་ལོ་ཟླའི་རིན་ཐང་བོར་བཞིན་ཡོད། ཟླ་བ་ནི་དེ་ལས་ཟློག་སྟེ་འཕེལ་འགྲིབ་ཇི་ལྟར་ཆེ་རུང་བསྟོད་པའི་སྨོན་པ་ཉམས་མ་མྱོང་། ཟླ་བ་ཁོ་ནར། འཕེལ་འགྲིབ་གང་གི་སྐབས་ཡིན་ཡང་འཕེལ་ན་འཕེལ་བའི་མཛེས་པ་དང་འགྲིབ་ན་འགྲིབ་པའི་མཛེས་པ་མངོན།

    དཀར་གསལ་ཟླ་བ་གོར་གོར་ལ་བལྟས་བལྟས་ན། ལོ་སྔོན་མའི་ནང་དུ་དགའ་ཞེད་འདྲེས་མས་བྲིས་པའི་ཚིག་དུམ་དེ་སེམས་ཀྱི་སྙི་ས་རུ་ཕོག་བྱུང་། འདི་ལྟར་ཏེ། དཀར་གསལ་ཟླ་བ་ཧྲིལ་གོར་ཡིན་དུས།སྐར་མའི་ཚོགས་ཀྱིས་ཟུར་ནས་བརྒྱན་སྐབས། ངའི་གཡས་སུ་ཡབ་ཆེན་བཞུགས། གཡོན་དུ་ཡུམ་ཆེན་བཞུགས་ཏེ། མི་ཡུལ་གྱི་བདེ་སྡུག་ལྷུག་པར་གློད་ཅིང་། ཡབ་ཡུམ་གྱི་འཛུམ་ཞལ་ལ་ཡང་ཡང་བལྟས་ན།རང་བཞིན་གྱིས་སེམས་འགུལ་ཐེབས་ཤིང་། བདེ་སྐྱིད་ཅེས་པའི་ཐ་སྙད་དེ་ཡང་ཡང་བསྒོམས། ཞེས་པ་འདི་ཡིན་ཞིང་། སྐབས་དེར་ང་རང་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་དགེ་རྒན་གྱི་ལས་གནས་ལ་ཞུགས་ནས་ལོ་ངོ་གཅིག་ཏག་ཏག་འགོར་ཞིང་། གཟའ་མཇུག་ཏུ་སེང་ཟེ་རྒྱ་ནག་མ་ཎི་རྡོ་འབུམ་ལ་ཡབ་ཡུམ་རྣམ་གཉིས་དང་མཉམ་དུ་དགེ་སེམས་སྐྱེད་དུ་འགྲོ་སྐབས་དེ་ཡིན། ད་ལོའི་དབྱར་གཞུང་ཞིག་ཏུའང་སེང་ཟེ་རྒྱ་ནག་མ་ཎི་རྡོ་འབུམ་ལ་མཆོད་མཇལ་དུ་འགྲོ་སྐབས་དེར།ཤར་ཕྱོགས་རི་བོའི་སྤོ་ནས།།ཚེས་པ་བཅོ་ལྔའི་ཟླ་བ།།ཞལ་རས་ཕྱེད་ཙམ་འཛུམ་པ།།མཆོད་པའི་རྫས་སུ་ཕུལ་འདྲ།། ཞེས་བྲིས། ཡབ་ཡུམ་གཉིས་བདེ་ཐང་ངང་འཚོ་བཞེས་གནང་ཡོད་ཀྱང་། ང་ནམ་རྒྱུན་གྱེས་བྲལ་ཞེས་པའི་མིང་ཚིག་འདིར་ཞེད་སྣང་ཡང་ཡང་སྐྱེ་བ་ཡིན། མ་གཞི་མི་ཡུལ་ནི་གྱེས་འཛོམས་ཀྱི་ཟློས་གར་འཁྲབ་སའི་གར་སྟེགས་ཤིག་ཡིན་པས། ཟླ་བ་ལ་བལྟས་ཏེ་འཛོམས་པ་དོན་ལྡན་དང་འཛོམས་ཡུན་བརྟན་པའི་སྨོན་ལམ་འདེབས་པ་ཡིན། སྨོན་ལམ་འདེབས་ཀྱིན་འདེབས་ཀྱིན་ཁོས་ང་རང་རྒྱང་རིང་རྒྱང་རིང་ཞིག་ཏུ་ཁྲིད་འགྲོ། ངས་དོན་འདི་ལ་ལེ་བདའ་གཏན་ནས་བྱེད་མ་མྱོང་བར་མ་ཟད། ལུས་སེམས་སིམ་པའི་དོན་ཞིག་ཏུ་བསྒོམས་པ་ཡིན།

   མཚན་མོ་རེ་རེར། ངས་ལན་ཆགས་སྟོང་གིས་ནམ་མཁའ་ནས་ཟླ་བ་བཙལ་ཞིང་ཟླ་བའི་བྱད་རིས་ལ་ཡང་ཡང་ལྟ་བ་ཡིན། སྲིད་པའི་བས་མཐའ་ན་སླེབས་ཀྱང་ངོམས་པ་མ་བྱུང་བས། ངས་ཁ་པར་གྱིས་ཏན་ཏན་ཏིག་ཏིག་སྒོས་པར་དུ་བླངས་ཏེ། མལ་ཁང་དུ་སླེབས་རྗེས་ཚིམ་མེད་སེམས་པས་ཡང་ནས་བསྐྱར་དུ་རོལ་མྱོང་བྱས་པ་ཡིན། ཟླ་བའི་ཅུང་གུག་ཅིང་འཁྱོག་པའི་མཛེས་རིས་སྒྱུ་རྩལ་ལ་སེམས་པ་ཐོགས་བཞིན་ཐོགས་བཞིན། ཚེས་གསུམ་ཟླ་བའི་ཞལ་རས།།རེ་སྨོན་དྭངས་མས་བརྒྱན་འདྲ།།བདེན་པ་སྟོང་གིས་ཕྱུག་འདྲ།།བལྟས་ན་ཚིམ་པ་མེད་འདྲ།། ཞེས་ངག་ནས་དབང་མེད་དུ་ཤོར། ངོ་མ་རེད། རང་བྱུང་ཁམས་ཆེན་མོའི་དངོས་པོ་མཐའ་དག་ནི་སྒྱུ་རྩལ་གྱི་ཡང་རྩེར་སོན་པས་འཇིག་རྟེན་སྐྱེ་བོའི་ཡིད་སེམས་ཅིག་ཅར་དུ་བཀུག། སྐབས་དེ་ལ་ཡང་། སེམས་པའི་ཀློང་དུ་མི་ཡུལ་གྱི་གྱེས་འཛོམས་ཆེན་མོའི་ཟློས་གར་རི་མོ་རབ་ཏུ་བཀྲ་ཞིང་། ཡིད་ཀྱི་མེ་ལོང་ངོས་སུ་རེ་སྨོན་ཞེས་པའི་མིང་ཚིག་གཉིས་འཁོར་ཏེ། ཚེས་གསུམ་ཟླ་བ་འཁྱོག་པོ་འདིས་ཀྱང་བསྐལ་པ་སྟོང་ལ་རེ་ཞིང་སྒུག་པ་དང་སྲིད་མཐའི་བར་དུ་སྨོན་པ་ནི་འདྲའོ།།

  བརྒྱད་པའི་ཚེས་པ་བཅོ་ལྔའི་དེ་རིང་ཡང་། མལ་ཁང་ནས་སྒེའུ་ཁུང་གི་ཡོལ་རས་ཕྱེས་ནས་བལྟས་ཚེ།

   མུན་པ་སྡུག་དང་འོད་ཟེར་སྐྱིད་ཀྱི་དབང་དུ་བཏང་ནའང་། མཚར་སྡུག་རབ་ཏུ་མངའ་བའི་ཉི་འོད་ལ་སུན་པ་སྐྱེ་མཁན་ཡོད་མོད། འོན་ཏེ་ཟླ་བའི་བསིལ་ཟེར་ལ་མཚོན་ན་སྲོག་ལྡན་ཀུན་པོས་བསྟོད་པའི་མཐེ་བོང་མ་གཏོགས་མེད་འདྲ་རེད། མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ། དཔྱིད་ཉི་རིང་པོ་དྲོ་གསུམ་གྲང་གསུམ་ཟེར་བ་ལྟར། ངས་འདི་ལྟར་དཀར་གསལ་ཟླ་བའི་འཕེལ་འགྲིབ་རེ་ལ་ནན་གྱིས་བལྟས་ཏེ་མི་ཚེའི་བདེ་སྡུག་ལ་བསམ་གཞིག་བགྱིས་ཏེ་མཛེས་སྡུག་ལ་རོལ་བ་ཡིན།།


  • ལེ་ཚན་སྔོན་མ།:སྒྱུ་མའི་ལས་དབང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།