བྱིན་རླབས་མ་བོར་བའི་སྒྲ་ལྡན་ལྷ་མོ།

འཆིང་གྲོལ།        2022-08-18

བྱིན་རླབས་མ་བོར་བའི་སྒྲ་ལྡན་ལྷ་མོ།

བསྟོད་བསྟོད་མཛེས་པའི་སྒྱུ་འཕྲུལ་འབར་བའི་སྐུ། །

དཀར་དཀར་ཆ་གཏེར་གདན་ལ་འགྱིང་ཉམས་མངོན། །

སྙན་སྙན་ཚངས་པའི་དབྱངས་རྟ་ངག་སྒོར་བབས། །

མཚར་མཚར་དུང་བའི་ཚིག་དུམ་མཁའ་རུ་དྲིལ། །

ཆགས་མེད་ཆགས་པའི་ཚུལ་སྟོན་བརྩེ་ཆེན་མ། །

འཛུམ་པའི་ལྡེམ་ཤ་ཐར་བའི་རྒྱས་བཏབ་པའི། །

བདེ་ཆེན་ཏིང་འཛིན་གཡོ་མེད་བཅོམ་ལྡན་མ། །

འཇམ་མཉེན་བྱམས་པའི་ལག་སོར་ཁམས་འདིར་བརྐྱངས། །

སྨིན་འཁྱོག་དཀྱུས་རིང་ཚང་ཚིང་སྟུག་པོའི་ཁྱོན། །

མཛེས་པའི་གློག་གི་འཇའ་རིས་མདངས་ཀྱིས་རྒྱན། །

གནག་སྣུམ་དབུ་ཡི་ལམ་བུའི་གྲངས་བཞིན་དུ། །

བྱིན་རླབས་དྲོད་ཀྱི་ཚན་ཁ་མ་ཉམས་ཅིག །



  • ལེ་ཚན་སྔོན་མ།:རྨི་ལམ་གྲོང་གི་མཛེས་པ།
  • ལེ་ཚན་རྗེས་མ།:མགུར་ཐུང་ཕྱེ་ལེབ་མགྲིན་གླུ།