དཔལ་ཡུལ་རྫོང་གིས་འགྲིམ་འགྲུལ་སྔོན་དུ་སྤེལ་བའི་འཐབ་ཇུས་ལག་བསྟར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-08-17



དཔལ་ཡུལ་རྫོང་གིས་འགྲིམ་འགྲུལ་སྔོན་དུ་སྤེལ་བའི་འཐབ་ཇུས་ལག་བསྟར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས།
བཟོ་པས་དུས་ཚོད་དམ་འཛིན་བྱས་ནས་ལས་ཀ་སྒྲུབ་བཞིན་པའི་ཚུལ།

     ཞིང་ཆེན་རིམ་པའི་གཞུང་ལམ314པའི་ལམ་ཐིག་དཔལ་ཡུལ་རྫོང་ནས་ཉག་རོང་རྫོང་གྱི་གཞུང་ལམ་དུམ་བུ་ཨར་ལས་བྱ་ཡུལ་དུ། རྐོ་འདྲུ་འཕྲུལ་འཁོར་གྱིས་དུང་སྒྲ་སྒྲོག་བཞིན་ལས་ལ་བྲེལ། ཁོད་སྙོམས་འཕྲུལ་ཆས་དང་ལམ་བཅག་འཕྲུལ་འཁོར་གྱིས་ལམ་ངོས་སུ་ཕར་འགྲོ་ཚུལ་འོང་བྱས་ནས་ལམ་ངོས་སྙོམས་པོ་བྱས། བཟོ་པ་རྣམས་ཀྱིས་དུས་ཚོད་དམ་འཛིན་བྱས་ནས་ཨར་ལས་བྱེད་བཞིན་འདུག་པས་ག་ས་གང་དུ་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་མངོན་བཞིན་མཆིས།

    ཞིང་ཆེན་རིམ་པའི་གཞུང་ལམ314པའི་ལམ་ཐིག་ནི་དཔལ་ཡུལ་རྫོང་ཨ་ཚབ་གྲོང་རྡལ་ནས་ཉག་རོང་རྫོང་འཕེལ་ཚྭ་ཡུལ་ཤོག་བར་གྱི་གཞུང་ལམ་ལེགས་བཅོས་བྱེད་པའི་འཛུགས་སྐྲུན་ལས་གྲྭ་ཞིག་ཡིན་ཞིང་། ལས་གྲྭ་དེ2021ལོའི་སྤྱི་ཟླ4པར་ལས་འགོ་ཚུགས་པ་རེད། མིག་སྔའི་བར་ལམ་ཐིག་ཧྲིལ་པོའི་ལམ་གཞི་དང་ཟམ་པ། ལམ་འོག་ཆུ་ལམ་བཅས་ཀྱི་ལས་གྲྭ་ཚང་མ་ལེགས་སུ་གྲུབ་པ་དང་ལམ་ཐིག་ཧྲིལ་པོའི་རིང་ཚད་བསྡོམས་འབོར་སྤྱི་ལེ111.8ཡོད་པའི་ནང་དཔལ་ཡུལ་རྫོང་གི་མངའ་ཁོངས་སུ་སྤྱི་ལེ27.8ཡོད་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར6.4བཏང་ཡོད་པ་རེད། སྔོན་དཔག་བྱས་ན་ད་ལོའི་སྤྱི་ཟླ་བཅུ་པའི་ཟླ་དཀྱིལ་དུ་ལམ་ཐིག་ཧྲིལ་པོའི་ལས་གྲྭ་གཙོ་བོ་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱེད་ཐུབ་རྒྱུ་རེད།

    ལས་རིགས་གཙོ་གཉེར་གྱི་གཞུང་ལམ་དུམ་བུའི་བཟོ་བཀོད་པ་ཀྲུའོ་ཅེ་ཡིས་སྨྱུག་འཛིན་པར་ཞིང་ཆེན་རིམ་པའི་གཞུང་ལམ314པའི་ལམ་ཐིག་གི་འདམ་ཐར་ཟམ་ཆེན་ལོ་མང་རིང་ཉམས་གསོ་བྱེད་མ་ཐུབ་པའི་རྐྱེན་གྱིས་ཉེན་ཁ་ཆེ་བའི་ཟམ་པའི་རིགས་ཡིན་ཞིང་། ལས་གཞི་འདི་ནི་སྔོན་གྱི་ཟམ་པའི་སྟོད་རྒྱུད་ཀྱི་སྨི200ཡི་སར་ཟམ་པ་གསར་པ་ཞིག་བསྐྲུན་པ་དེ་རེད། 2021ལོའི་སྤྱི་ཟླ6པའི་ཚེས10ཉིན་སྐྲུན་འགོ་ཚུགས་པ་དང་ད་ལོའི་སྤྱི་ཟླ6པའི་ཚེས27ཉིན་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་རེད། ཟམ་ཆེན་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དེས་འདམ་ཐར་ཡུལ་ཤོག་གི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་ནས་གཞུང་ལམ་བརྒྱུད་ཡུལ་གྱི་མི་སེར་ཚོ་ཕར་འགྲོ་ཚུར་འོང་བྱེད་སྐབས་ཉེན་ཁ་མེད་པའི་འགན་ལེན་ཐུབ་ཡོད་ཅེས་བཤད།

     ཞིང་ཆེན་རིམ་པའི་གཞུང་ལམ314པའི་ལམ་ཐིག་ནི་དཔལ་ཡུལ་རྫོང་ནས་ཉག་རོང་རྫོང་བར་གྱི་ཆེས་མགྱོགས་པ་དང་ཆེས་སྟབས་བདེ་བའི་བགྲོད་ལམ་ཞིག་ཡིན་པར་མ་ཟད། གསར་དུ་བསྣན་པའི་སི་ཁྲོན་ནས་བོད་ལྗོངས་སུ་བསྐྱོད་པའི་འཕྲེད་ཕྱོགས་འབྲེལ་གཏུག་ལམ་ཐིག་ཅིག་ཀྱང་ཡིན་པ་རེད། དེས་རྒྱལ་སྲུང་གཞུང་ལམ317པ་དང318པའི་ལམ་ཐིག་གི་མཚམས་སྒྲོལ་འགྲོ་འོང་གི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་བཏང་བ་དང་བགྲོད་ལམ་ཤར་གཏོང་གི་ནུས་པ་ཆེ་རུ་བཏང་བར་མ་ཟད། དེ་ལས་གལ་འགངས་ཆེ་བ་ནི་ལམ་ཐིག་འཛུགས་སྐྲུན་བྱས་པ་དེས་དཔལ་ཡུལ་རྫོང་དང་ཉག་རོང་རྫོང་བར་འགྲོ་འོང་བྱེད་པའི་བགྲོད་ལམ་གསར་པ་ཞིག་བཏོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་རིམ་པའི་གཞུང་ལམ314ཤར་གཏོང་ཐུབ་པ་དེས་དཔལ་ཡུལ་ནས་དར་མདོའི་བར་ལམ་ཐག་དུས་ཚོད་སྐར་མ40ཇེ་ཐུང་དུ་ཕྱིན་པ་རེད།

      འདམ་ཐར་ཡུལ་ཤོག་ནག་ཆུ་གྲོང་སྡེའི་གྲོང་མི་དགའ་པས་དེ་སྔོན་གྱི་ཉེན་ཁ་ཆེ་བའི་ཟམ་པ་དེས་ང་ཚོའི་སྐྱེལ་འདྲེན་རླངས་འཁོར་མང་པོ་ཞིག་ལ་བར་ཆད་བྱུང་། དེས་རྒྱུ་ནོར་ལ་གྱོང་གུན་ཐེབས་པར་མ་ཟད་ཁ་ལོ་བའི་མི་ལུས་ཉེན་མེད་ཡོང་བ་ལའང་འགན་ལེན་ཐུབ་ཀྱི་མེད། ད་ཆར་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་ཡག་པོ་བྱས་པས་ཉེན་ཁ་ཆེ་བའི་ཟམ་པ་བསྐྱར་བསྐྲུན་བྱས་པར་མ་ཟད་འབྲོག་ཁུལ་ཚང་མར་གཞུང་ལམ་ཐར་བར་བརྟེན། ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བྱུང་ལ། ཐོན་ལས་ཀྱང་འཕེལ་རྒྱས་བྱུང་དང་འབྱུང་བཞིན་ཡོད་པས་ང་ཚོར་དངོས་གནས་བྱ་བ་བཟང་པོ་ཞིག་བསྒྲུབས་སོང་ཞེས་བཤད་པ་རེད།

      ཉེ་བའི་ལོ་ཤས་རིང་། དཔལ་ཡུལ་རྫོང་གིས་འགྲིམ་འགྲུལ་སྔོན་དུ་སྤེལ་བའི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་སྒྲོམ་གཞི་དང་། གྲོང་ཁུལ་གྱི་གཞུང་ལམ་གྱིས་ལྟེ་གནས་བྱས་ཤིང་།ཞིང་སྡེའི་གཞུང་ལམ་གྱིས་རྨང་གཞི་བྱས་པའི་ཕྱི་བགྲོད་ནང་འབྲེལ་དང་གྲོང་སྡེར་བདེ་བགྲོད། ཉེན་མེད་སྟབས་བདེ་བཅས་ཀྱི་ས་ཁོངས་ཧྲིལ་པོའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་རིམ་བཞིན་ཆགས་ཡོད་པ་རེད། རྒྱལ་སྲུང་གཞུང་ལམ215པའི་ལམ་ཐིག(དཔལ་ཡུལ་ནས་འབའ་ཐང་བར་གྱི་གཞུང་ལམ་དུམ་བུ)སྒྱུར་བཀོད་ལས་གྲྭའི་དཔལ་ཡུལ་ཕུག་ལམ་བདེ་བླག་ངང་ཕུག་ཐུབ་པ་དང་ཞིང་ཆེན་རིམ་པའི་གཞུང་ལམ458པའི་ལམ་ཐིག(དཔལ་ཡུལ་རྫོང་གི་གྲོང་ཁུལ་ནས་དཀར་མཛེས་གེ་སར་གནམ་གྲུ་ཐང་བར་གྱི་གཞུང་ལམ་དུམ་བུ)ཁྱོན་ཡོངས་ནས་ཤར་གཏོང་ཐུབ་ཡོད། ད་ལོའི་སྤྱི་ཟླ10པའི་ནང་ཞིང་ཆེན་རིམ་པའི་གཞུང་ལམ314པའི་ལམ་ཐིག(ཉག་རོང་འཕེལ་ཚྭ་ནས་དཔལ་ཡུལ་ཨ་ཚབ་གྱི་གཞུང་ལམ་དུམ་བུ)ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། སྟབས་བདེའི་འགྲིམ་འགྲུལ་གྱིས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཇེ་དྲག་ཏུ་ཕྱིན་པར་མ་ཟད། དཔལ་ཡུལ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།། 



  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གྱི་རིམས་ཚུལ་གསར་ཤོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།