ཁེར་རྐྱང་གིས་དཀྲོལ་བའི་གླུ་ཆུང་།

ཞོ་ར་བསམ་འགྲུབ་རྒྱལ།        2022-08-05

མུན་པའི་བླ་བྲེ་འཐེན་པའི་ས་སྲོད་ཁྲོད་དུ།།

འཁོར་བའི་བདེ་སྡུག་ཅི་རིགས་བཏང་སྙོམས་བསྐྱུར་ཏེ།།

དུས་ཀྱི་མེ་ལོང་ནང་དུ་ལན་གཅིག་བལྟས་པས།།

མི་སྡུག་གཉེར་མའི་ཆུ་རིས་གདོང་ལ་འཁྱུག་ཡོང་།།

ལས་ཀྱི་གཙང་ཆུ་གང་ལ་བཞུར་ན་བཞུར་ཤོག།

ལོ་ཟླའི་མིག་ཀོང་འཁྱིལ་བའི་ཕྱིར་མིག་རེ་རེ།།

ཞེན་ཆགས་ཐང་ཤིང་སྔོན་མོའི་རྩེ་ནས་ལྷུངས་ཏེ།།

སེམས་ཀྱི་ཁང་ཆུང་དཀྱིལ་ལ་མལ་དུ་འཕོས་བྱུང་།།

བརྩེ་བའི་དྲི་བསུང་རྩེན་པའི་ལོ་འདབ་སྟེང་དུ།།

སྙན་པའི་ཀྱུར་ཀྱུར་སྒྲོག་པའི་བྱེའུ་ཆུང་ཅོ་ཀ།

སྒྲོ་གཤོག་གར་གྱི་སྟངས་ཀ་ང་ལ་གཡོར་དང་།།

སྲིད་པ་རྫ་སྒང་འདི་ཡི་རྩེ་རུ་འཕུར་འགྲོ།།

འཕྲལ་གྱི་བདེ་བ་ཉི་ཚེའི་སྐྱིབས་སུ་འཛུལ་ཏེ།།

གཏན་གྱི་འདུན་མའི་ཁ་ཕྱོགས་ཤེད་དུ་གཡུག་ན།།

རྡོ་དང་ཚེར་མའི་ལམ་དུ་གོམ་པ་བརྒྱབ་རུང་།།

ཚེ་ཡི་སྙིང་བོ་མཐོང་བའི་དུས་ཤིག་ཨེ་ཡོད།།

ཁ་སང་གྲོགས་མཆོག་ཡིན་པའི་ཚེ་རིང་དབང་འདུས།།

གློ་རྡེག་དགྲ་རུ་གྱུར་པ་ཅི་ཞིག་ལན་ནམ།།

འབྱོར་དུས་ལྷག་བསམ་མཐོ་བའི་ཨ་ཅེ་མཚོ་སྐྱིད།།

རྒུད་དུས་མཐོང་རྒྱུ་མེད་པ་འདི་ཡང་མཚར་ཨང་།།

ངམ་གནག་གདོང་གི་གཉེར་མ་ཐོད་དུ་བསྡུས་ཤིང་།།

ཁྲོ་བའི་མེ་ལྕེ་སྔོན་པོ་ཁོག་ཏུ་སྦར་བཞག།

བརྩེ་བའི་ནམ་མཁའ་གཡའ་དག་སྤྲིན་ནག་བསྐྱིལ་ན།།

དུངས་སེམས་ལྗོན་པའི་ལོ་འདབ་ཇི་ལྟར་གྲོལ་ཨང་།།

དྲི་མེད་ལྷ་ལམ་ཡངས་པའི་མེ་ལོང་དབུས་ཀྱི།།

སྤྱན་མིག་ཀེམ་ཀེམ་གཡོ་བའི་སྐར་ཚོགས་མཐོང་དུས།།

ལས་ཀྱིས་རྒྱང་དུ་གྱེས་པའི་ཆུང་འདྲིས་བྱམས་པ།།

སྟོན་གྱི་སྨུག་སྤྲིན་བཞིན་དུ་སྙིང་ཁར་འཁྱུད་བྱུང་།།

འཚོ་བའི་འདམ་གྱི་གཞི་རུ་གནས་མལ་བསྐྲུན་ཏེ།།

འབད་འཐབ་ལས་ཀྱི་རྒྱུ་སྤུན་ངལ་མེད་བསྟེན་ཀྱང་།།

ལོ་ཟླའི་རླབས་ཀྱིས་སྐྱོམ་པའི་སེམས་གཅོང་ཟེགས་མ།།

དྲན་པའི་རྟོག་ལྗོངས་ཧྲིལ་པོར་ལང་ལོང་འཐོར་སོང་།།

དཀའ་སྡུག་ཁུར་དུ་བཞེས་པའི་སྤོབས་པའི་རྟིང་མར།།

གཞན་ཕན་ལྷག་བསམ་བཟང་པོའི་ཁྲ་ཡིས་སྤུད་ན།།

བརྩོན་པའི་ཀོ་གྲུ་གཏོང་བའི་ཚིགས་མལ་འདི་རུ།།

མི་ཚེའི་བརྡ་ཡིག་ཟབ་མོར་ངེས་ཤེས་སྐྱེས་ཡོང་།།

༡༠

མཁོ་དགུའི་ལོངས་སྤྱོད་ཟ་ཟིའི་བྲན་དུ་ལུས་ཏེ།།

ནམ་ཞིག་མི་རྟག་རླུང་ངོགས་ཟད་པར་མཐོང་དུས།།

ཀླད་མེད་བང་གིས་རྒྱུགས་པའི་སྒེར་གཤིས་ཙམ་པོར།།

སྙིང་ནས་ཨ་ཐང་ཆད་པ་གྲངས་ཀྱིས་མི་ཟིན།།

༡༡

མིག་གི་མཐོང་སྣེར་ཆགས་པའི་རི་ཚོགས་ཀློང་དུ།།

རེ་བའི་ཡིད་འོང་བྱ་ཁྱུ་ལྷོ་རུ་བཞུད་ཅིང་།།

རྒྱང་རིང་ཕ་མཐར་བསྲིངས་པའི་འཕྲིན་ཤོག་བྱེ་བ།།

དགུན་གྱི་རླུང་བུར་འགྲོགས་ནས་སྙིང་ལ་ལྡང་བྱུང་།།


  • ལེ་ཚན་སྔོན་མ།:དགེ་རྒན་སྐུ་དྲིན་ཅན་དྲན་པའི་ཡིད་གདུང་མིག་ཆུའི་ཐིགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།