མི་རབས་གསུམ་གྱི་རྒྱང་སྐྱོད་ལམ་བུ།

ཡེ་ཤེས་ཀྱིས་བསྒྱུར།        2022-08-05

ཝང་ཡུང་མོའོ་ཡི་ཁྱིམ་ཚང་དང་ལྕགས་ཟམ་འཕྲོག་ལེན་བྱེད་མཁན་དཔའ་བོ22བར་གྱི་གཏམ་རྒྱུད།

མི་རབས་གསུམ་གྱི་རྒྱང་སྐྱོད་ལམ་བུ།

1935ལོའི་སྤྱི་ཟླ5པའི་ཚེས29ཉིན། དམར་དམག་དཔའ་བོ22ཀྱིས་ལྕགས་ཐག་བཅུ་གསུམ་ཐོག་གོག་འགྲོ་བརྒྱབ་ནས་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱས་ནས་རྒྱལ་ཁ་བླངས་པ་རེད།

2021ལོའི་སྤྱི་ཟླ5པའི་ཚེས28ཉིན《དཀར་མཛེས་ཉིན་རེའི་ཚགས་པར》ཐོག་ཅང་ཞི་བྱང་ཤར་སུའུ་ཝེ་ཨེར་ས་ཁུལ་གྱི“སྟ་རེ་ཐོགས་པའི་དམག་དཔོན"ཞེས་མཚན་སྙན་ཡོད་པའི་ལྕགས་ཟམ་འཕྲོག་ལེན་མདའ་ཤོག་གི་མདའ་དཔོན་ཧོང་ཁའེ་ཞང་གི་གཏམ་རྒྱུད་ཅེས་པའི་རྩོམ་ཡིག་ཅིག་སྤེལ་ནས་རྩོམ་ཡིག་དེའི་རྩོམ་པ་པོའི་གཏམ་རྒྱུད་བྱུང་བ་རེད། གུང་ཁྲན་ཏང་མི་ཞིག་གིས་མི་ཁེར་རྐྱང་ནས་ཁྱིམ་མི་ཡོངས་རྫོགས་ཀྱིས་སེམས་ཤུགས་ཉམས་ལེན་བྱས་ཏེ་རྗེས་འདེད་འཚོལ་སྙེག་བྱས་པ་ནི་ལྕགས་ཟམ་འཕྲོག་ལེན་བྱེད་མཁན་གྱི་དཔའ་བོ22སྔ་སྣུར་ཙམ་དྲན་གསོའི་རྡོ་རིང་ཐོག་མཉམ་འཛོམས་ཐུབ་པའི་ཆེད་དུ་རེད། ཕ་ཡུལ་ཁྲུང་ཆིང་ཡིན་པའི་ཝང་ཡུང་མོའོ། ལྕགས་ཟམ་རྫོང་དུ་གཞིས་ཆགས་པའི་གྲགས་ཅན་དཔའ་བོ་འཚོལ་བའི་དཔའ་བོ་ཞིག་ཡིན་ཞིང་། ཁོས་ཐོག་མའི་བསམ་འདུན་མ་བརྗེད་པས་གསར་བརྗེའི་དྲན་ཤེས་བཙལ་ནས་མི་རབས་གསུམ་གྱི་རྒྱང་སྐྱོད་ལམ་བུ་བཏོད་ཡོད་པ་རེད།

ཀ།འཚོལ་སྙེག་གི་ལམ་ལ་ཆས་འགོ་ཚུགས།

ཞོགས་པ་སྔ་མོར་ཝང་ཡུང་མོའོ་ཡི་བུ་མོ་ཝང་ཞའོ་ཆིན་སྨན་ཁང་དུ་འོངས་ནས་ནད་བརྟག་ཡི་གེ་དང་སྨན་རྫས་འཁྱེར་ནས་སྨན་པའི་ཁ་ཏ་སེམས་འཇོག་བྱེད་བཞིན་འདུག། ཉིན་འགའི་སྔོན་མོའི་ཨ་ཕའི་ནད་རྙིང་བསྐྱར་ལངས་བརྒྱབ་ནས་ངེས་པར་དུ་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱ་དགོས་པར་བརྟེན།མོས་ཨ་མ་དང་མཉམ་དུ་ཨ་ཕ་གཡོག་དགོས་པའི་དུས་ལ་འཁེལ།

ཝང་ཞའོ་ཆིན་སེམས་ནང་ཨ་ཕ་ནི་ཁ་བཤད་དོན་ལ་གནས་པའི་མི་ཞིག་ཡིན་པ་དང་། ལྷག་པར་དུ་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱེད་མཁན་གྱི་དཔའ་བོ22ཀྱི་མིང་འཚོལ་སྙེག་བྱས་པའི་དོན་དེ་ཁོང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཡོད། ད་ལྟ་ནད་པའི་ཉལ་ཁྲིའི་ཐོག་ཉལ་ནས་བསྡད་ཡོད་ཀྱང་ཁོས་ད་དུང་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱེད་མཁན་དཔའ་བོ10ཡི་མིང་ཐོབ་གཏན་འཁེལ་བྱེད་ཐུབ་ཡོད་མ་རེད་ཅེས་ཡང་ནས་ཡང་དུ་བཤད་པ་རེད།

དུས་རབས20པའི་ལོ་རབས50པའི་ནང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པའི་དབང་གིས་མོའི་ཨ་ཕ་ཕ་ཡུལ་ཁྲུང་ཆིང་དང་བྲལ་ཏེ་ལྕགས་ཟམ་ཁར་ལས་འབྲེལ་ཆགས། དེའི་རྗེས་སུ་ལྕགས་ཟམ་ཟམ་པ་དོ་དམ་གྱི་བྱ་བ་སྒྲུབ་འགོ་བརྩམས་ནས་རིམ་བཞིན་ལྕགས་ཟམ་ཟམ་པ་དང་འབྲེལ་བ་ཟབ་མོ་ཆགས། ཝང་ཞའོ་ཆིན་ཆུང་དུས་རྒྱུན་དུ་ཨ་ཕས་བཤད་པའི་ལྕགས་ཟམ་འཕྲོག་ལེན་བྱས་པའི་གཏམ་རྒྱུད་ལ་ཉན་འཇོག་བྱས་མྱོང་ཞིང་། མོས་ཨ་ཕའི་མྱོང་ཚོར་ཟབ་མོའི་སྒོ་ནས་ལྕགས་ཟམ་ཟམ་པ་འཕྲོག་ལེན་ཞེས་པའི་ལོ་རྒྱུས་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་མོད། འོན་ཀྱང་ཟམ་པ་འཕྲོག་ལེན་བྱེད་མཁན་དཔའ་བོ22ནང་དུ་སུ་ཡོད་པ་མི་ཤེས་པ་འདི་ནི་བློ་ཕམ་དགོས་པ་ཞིག་རེད་ཅེས་བཤད།

1975ལོར་སླེབས་སྐབས། ཁོ་ལ་གོ་སྐབས་བཟང་པོ་ཞིག་ཐོབ་ནས་རང་ཁུལ་གྱི་དམར་དམག་རྒྱང་སྐྱོད་རིག་གནས་དངོས་རྫས་བརྟག་དཔྱད་ཚོ་ཆུང་བཙུགས་ཏེ་ཝང་ཡུང་མོའོ་ལ་ཙུའུ་ཀྲང་གི་འགན་འཁུར་བཅུག་ཡོད། སྐབས་དེར་ཝང་ཞའོ་ཆིན་གྱིས་ཨ་ཕའི་བྱ་བ་འགྲུབ་པའི་ཆེད་དུ། ཁག་བགོས་ནས་པེ་ཅིན་དང་ཧྲང་ཧའེ། ཀོང་ཀྲོའུ། ནན་ཅིན། ནན་ཁྲང་། ཁྲུང་ཆིང་སོགས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས11ལ་ཕྱིན་ནས་བཅར་འདྲི་བྱས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་དཔའ་བོ22ཀྱི་མིང་འཚོལ་སྙེག་བྱས་ཤིང་། དེའི་རིང་དབྱང་ཐེན་མིང་དང་ཀྲའོ་ཁྲང་ཧྥ། ཡུན་ཀུའེ་ཁྲོན། ལིའུ་ཙེ་ཧྭ་སོགས་དཔའ་བོའི་མིང་གཏན་འཁེལ་བྱེད་ཐུབ་སྐབས་ཝང་ཡུང་མོའོ་ཡིས་རང་གི་ནང་མི་དང་དགའ་སྤྲོ་མཉམ་རོལ་བྱས་མྱོང་། དེ་འདྲ་དུས་ཚོད་ཡུན་རིང་པོ་ཞིག་སོང་རྗེས་ཝང་ཞའོ་ཆིན་གྱིས་བསམ་པར་ཨ་ཕས་དོན་ཆེན་ཞིག་སྒྲུབ་བཞིན་འདུག་སྙམ། ཨ་ཕས་ཝང་ཞའོ་ཆིན་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་སེམས་ཁྲལ་ཡང་རྒྱུན་ཆད་མེད་པ་གྱུར། དཔའ་བོའི་ཆ་འཕྲིན་ནམ་ཡང་ཉར་ཚགས་ཐུབ་པ་བྱ་ཆེད་ཨ་ཕས་ཁྲག་ཤེད་མཐོ་བའི་འཇིགས་སྣང་ལ་མ་འཛེམས་པར་ཉིན་ལྟར་དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་དང་། ཁུངས་སྣེ་འཚོལ་ཉུལ། ཟིན་ཐོ་འགོད་པ་བཅས་ཀྱི་ལས་ལ་བྲེལ་བཞིན་རྒྱུན་དུ་དཔྱད་གཞིའི་ཡིག་རིགས་མང་པོ་ཁུར་ནས་རིགས་གཅིག་མཁས་ཅན་ལ་གྲོས་དྲིས་དང་། དཔེ་དེབ་བཟོ་བཅོས་རྒྱག་རོགས་བཅས་བྱེད་ཀྱི་ཡོད། ཨ་ཕ་རྒྱུན་ཆད་མེད་པར་ངལ་དུབ་ཀྱིས་མནར་བས་ཝང་ཞའོ་ཆིན་གྱིས་ཨ་ཕ་ལས་འཁྱུར་ངལ་གསོ་རྒྱག་རྒྱུའི་རེ་འདུན་ཞུས་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་ཨ་ཕ་ལས་འཁྱུར་ངལ་གསོ་བྱས་རྗེས་མུ་མཐུད་ནས་དཔའ་བོའི་མིང་འཚོལ་སྙེག་བྱས་པར་མ་ཟད་ད་དུང་དུས་ཚོད་སྔ་ལས་མང་བ་འཚོལ་བཞིན་ཡོད། དེ་ནས་ཨ་ཕའི་ཁུར་པོ་ཆུང་དུ་གཏོང་ཆེད་ཝང་ཞའོ་ཆིན་དང་ནང་མི་ཚང་མ་རང་འགུལ་ངང་ལས་ཀ་དེར་ཞུགས་ནས་ཁོའི་དཔུང་རོགས་བྱས་དང་བྱེད་བཞིན་ཡོད་པ་རེད།

བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།2000ལོ་ནས་བཟུང་ཝང་ཞའོ་ཆིན་གྱིས་ཨ་ཕ་ལ་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་སྣ་ཁ་བཅུ་ལྷག་ཙམ་དང་པར་རིས་དཔྱད་གཞི200ལྷག་ཙམ་རིགས་འབྱེད་ལེགས་སྒྲིག་བྱེད་རོགས་བྱས་ནས་སྔོན་རྗེས་སུ་ལྕགས་ཟམ་འཕྲོག་ལེན་བྱེད་མཁན་དཔའ་བོའི་མི་རབས་རྗེས་མ་ཚོ་དང་དམར་དམག་མདའ་ཤོག་བཞི་པའི་མདའ་དཔོན་ཧོང་ཁའེ་ཞང་གི་རྗེས་རབས་པ་མི30ལྷག་ཙམ་དང་འབྲེལ་བ་བྱས་པར་མ་ཟད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ཚོ་ཆུང་མང་པོ་དང་དེ་བཞིན་ཅང་སུའུ་དང་ཨན་ཧུའེ། ཀོང་ཏུང་། སི་ཁྲོན་སོགས་ཞིང་ཆེན་རིམ་པའི་སྨྱན་སྦྱོར་དང་འབྲེལ་བ་བྱས་ནས་བཅར་འདྲི་ཡང་བྱས་ཡོད་པ་རེད།

ཁ།ཁྱིམ་ཚང་ཧྲིལ་པོའི་མི་རབས་གསུམ་གྱིས་དཔའ་བོ་འཚོལ་སྙེག་བྱས།

ཝང་ཡུང་མོའོ་ཡི་བུའི་བུ་མོ་ཝང་ཡུས་ཙི་ནི་རང་གི་ཨ་ནེ་ཝང་ཞའོ་ཆིན་དང་མི་འདྲ་བ་དཔའ་བོ22ཀྱི་མིང་འཚོལ་སྙེག་བྱས་པའི་ཐད་རང་ཉིད་ཀྱིས་བསམ་ཤེས་ཤིག་ཡོད། མོའི་ངོས་ནས་བརྗོད་ན་ཕུགས་བསམ་གྱི་འོད་ཟེར་མི་ཉམས་པ་དང་དད་སེམས་ཀྱི་འོད་ཟེར་མི་ཉམས་པར་བརྟེན། ལྕགས་ཟམ་ཟམ་པའི་དཔའ་བོའི་མིང་འཚོལ་སྙེག་བྱས་པ་ནི་དཔའ་བོར་བཅངས་པའི་བརྩེ་སེམས་དང་ལོ་རྒྱུས་ཀྱི་དྲན་འཆར་ལ་འཚོལ་ཞིབ་བྱས་པ་ཞིག་ཡིན་པས་ང་ཚོས་ལོ་རྒྱུས་བློ་ལ་ངེས་པ་དང་དཔའ་བོ་བློ་ལ་བརྟན་པོ་ངེས་དགོས། འོན་ཀྱང་སྤོ་བོ་ལགས་ཀྱིས་ལོ་མང་པོའི་རིང་ཉིན་གཅིག་ལྟར་འཚོལ་བ་ནི་དཔའ་བོར་བཅངས་པའི་བརྩེ་སེམས་དང་དཔའ་བོའི་སྙིང་སྟོབས་རྒྱུན་སྲིང་བྱས་པ་ཞིག་རེད། སློབ་ཆེན་འགྲིམ་མ་ཐག་པའི་ཝང་ཡུས་ཙིས་སྨྱན་སྦྱོར་གསར་པར་བརྟེན་ནས་ལྕགས་ཟམ་ཟམ་པའི་དཔའ་བོའི་དཔྱད་གཞི་ཡིག་རིགས་འཚོལ་བའི་ལས་ལ་བྲེལ། སྤོ་བོ་ལགས་དང་མཉམ་དུ་འབྲེལ་ཡོད་ཟིན་ཐོ་བཀོད་ཡོད་པ་རེད། ད་ལྟ་མོས་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱེད་བཞིན་ཡོད། སློབ་ཚན་གྱི་གནོན་ཤུགས་ཅུང་ཆེ་ཡང་ཁོས་སྨྱན་སྦྱོར་གསར་པའི་ལས་སྟེགས་སྤྱད་དེ་སྤོ་བོ་ལགས་ཀྱིས་རྒྱུན་འཁྱོངས་བྱེད་པའི་བྱ་བ་མུ་མཐུད་ནས་སྒྲུབ་ཀྱིན་ཡོད། མིག་སྔར་ཁོས་ད་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་འཐུས་སྒོ་ཚང་དུ་བཏང་ནས་དཔའ་བོའི་མི་རབས་རྗེས་མར་མུ་མཐུད་ནས་མིང་འཚོལ་རྒྱུར་རོགས་རམ་ཧུར་ཐག་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལྕགས་ཟམ་ཟམ་པའི་དཔའ་བོ22བསྐྱར་དུ་ལྕགས་ཟམ་རྫོང་དུ་ལོག་ཐུབ་པའི་གྲ་སྒྲིག་བྱས་དང་བྱེད་བཞིན་ཡོད་པ་རེད།

སྤོ་བོ་ལགས་ཀྱི་བྱས་རྗེས་མང་པོའི་ཁྲོད་དུ་ཝང་ཡུས་ཙིས་དཔའ་བོ་ལིའུ་ཙེ་ཧྭ་མིང་ཐོབ་གཏན་འཁེལ་བྱ་རྒྱུར་ཧ་ཅང་དགའ་པོ་བྱུང་། དེ་ནི1975ལོའི་སྤྱི་ཟླ8པའི་ཉིན་ཞིག་ལ།དམར་དམག་རྒྱང་སྐྱོད་ཀྱི་རིག་གནས་དངོས་རྫས་བརྟག་དཔྱད་ཚོ་ཆུང་ནན་ཁྲང་དུ་སླེབས་པ་དང་ཅང་ཞི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་སྤོ་བོ་ལགས་ཀྱིས་ལིའུ་ཙི་ཧྭ་ཡི་འདྲ་པར་མཐོང་བ་རེད། དོན་དངོས་ར་སྤྲོད་བྱ་ཆེད་ཁོས་འཕྲལ་མར་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་གཏུག་བྱས་ཤིང་། ལོ་གསུམ་གྱི་རྗེས་སུ་སྤོ་བོ་ལང་ཧྥང་ཡན་ལག་དམག་ཁུལ་ཁང་དུ་བརྟག་དཔྱད་བྱེད་པར་སོང་ནས་ལིའུ་ཙི་ཧྭ་ཡི་ཁྱིམ་མི་དང་ཐུག་པར་མ་ཟད། ཡན་ལག་དམག་ཁུལ་དང་ལིའུ་ཙི་ཧྭ་ཡི་ཁྱིམ་ནས་ཁོའི་དམག་མིའི་ཐོ་འགོད་རེའུ་མིག་དང་ཉིན་ཐོ་འབྲི་དེབ་གཡར་ཡོད། ད་བར་སྤོ་བོ་ལགས་ཀྱིས་

ད་དུང་ལིའུ་ཙི་ཧྭའི་དམག་མིའི་ཐོ་འགོད་རེའུ་མིག་ཉར་ཚགས་བྱས་ཡོད། ལོ་དེ་དག་ནང་ཝང་ཡུང་མོའོ་ཡིས་ཉམས་ལེན་འབད་སྒྲུབ་བྱས་ནས་ཁྱིམ་མི་ཚང་མར་གུང་ཁྲན་ཏང་མིའི་འགན་འཁྲི་ཇི་ལྟར་འཁུར་དགོས་མིན་དང་། ཅི་ཞིག་ནི་རྒྱལ་ཁབ་ཀྱི་བརྩེ་སེམས་ཡིན་ཞེ་ན། ཁྱོན་ཡོངས་ལ་དོ་སྣང་དང་ལེགས་སྐྱེས་འབུལ་བ། འགན་འཁུར་ཕོད་པ་བཅས་འགྲེལ་བཤད་བརྒྱབ་ནས་མིག་དཔེ་བཟང་པོ་བསྟན། ཁོའི་བྱ་སྤྱོད་དང་བསམ་པའི་གཤིས་རྒྱུད་ནི་མེ་ལོང་ཞིག་དང་འདྲ་བར་དུས་དང་རྣམ་པ་ཀུན་ཏུ་ནང་མི་ཚང་མར་སྐུལ་ལྕག་གཏོང་བཞིན་ཡོད་པ་རེད།

ཝང་ཞའོ་ཆིན་གྱིས་སྔ་ཕྱི་བར་གསུམ་དུ་ཨ་ཕས་ཚེ་མཇུག་ཏུ་འབད་བརྩོན་ཆེ་ཤོས་བྱས་ནས་ཏང་གི་གསར་བརྗེའི་ལོ་རྒྱུས་དྲིལ་བསྒྲགས་དང་དམར་དམག་གི་སྙིང་སྟོབས་དྲིལ་བསྒྲགས་བྱས་ཏེ་ལྕགས་ཟམ་རྫོང་གི་མི་དམངས་ལ་མི་རབས་ནས་མི་རབས་བར་གསར་བརྗེའི་སྔོན་བྱོན་པ་དེ་དག་བློ་ལ་ངེས་སུ་འཇུག་པ་དང་ཁོང་ཚོའི་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གཏོད་རྒྱུ་བློ་ལ་ངེས་སུ་འཇུག་དགོས་ཞེས་བཤད། ན་གཞོན་མི་རབས་ཤིག་གི་ངོས་ནས་རང་ཉིད་ལ་ལྕགས་ཟམ་ཟམ་པའི་དཔའ་བོ་ཞེས་པའི་མཚན་སྙན་མུ་མཐུད་ནས་ཐོབ་ཐབས་བྱས་ཏེ་མི་རབས་རྗེས་མར་གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོ་ངེས་སུ་འཇུག་པ་དང་། གསར་བརྗེའི་སྔོན་བྱོན་པ་ཚོའི་ཐུགས་རེ་ནན་པོ་ཆུད་ཟོས་སུ་མི་གཏོང་བ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་འགན་འཁྲི་དང་འོས་འགན་ཡོད་ཅེས་བཤད་པ་རེད།

ག།འཚོལ་སྙེག་གི་བྱ་བ་ནམ་ཡང་འཚམས་འཇོག་མེད།

ལོ་བཅུ་ཕྲག་རིང་བྲེལ་འཚུབ་ངང་བསྐྱོད་ཅིང་ཝང་ཡུང་མོའོ་ཡིས་དཔའ་བོ་མིང་འཚོལ་སྙེག་བྱས་པའི་བྱ་བ་དེ་སྤྱད་ནས་མི་ཚེའི་མདུན་ལམ་ཐད་རྣམ་པ་གསར་པ་ཞིག་བཏོད་ཡོད། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཁོས་ནང་མིར་སེམས་འགུལ་ཆེན་པོ་ཐེབས་པར་མ་ཟད། དཔའ་བོའི་མི་རབས་རྗེས་མ་ལ་ཡང་སེམས་འགུལ་ཆེན་པོ་ཐེབས་ཡོད། ཟམ་པ་འཕྲོག་ལེན་བྱེད་མཁན་གྱི་དཔའ་བོ་དབྱང་ཐེན་མིང་གི་བུ་མོ་དབྱང་ཏང་ཡན་གྱིས་ཁོ་ལ་ཆེད་དོན་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་བསྐུར་ཡོང་བ་དང་། ཟམ་པ་འཕྲོག་ལེན་བྱེད་མཁན་གྱི་དཔའ་བོ་ལིའུ་ཅིན་ཧྲན་གྱི་བུ་མོ་ལིའུ་སུའུ་ཧྥང་དང་དུས་རྒྱུན་དུ་འབྲེལ་བ་བྱས་དང་བྱེད་བཞིན་ཡོད་པ་རེད། ཟམ་པ་འཕྲོག་ལེན་བྱེད་མཁན་མདའ་ཤོག་གི་མདའ་དཔོན་ཧོང་ཁའེ་ཞང་གི་ཚ་བོ་ཧྲའོ་ཨའེ་ཧྥུའུ་ཐེངས་རེར་ལྕགས་ཟམ་དང་ཝང་ཡུང་མོའོ་དང་ཐུག་འཕྲད་བྱེད་ཀྱི་ཡོད་པ་རེད།

ད་ལྟ་ལྕགས་ཟམ་ཟམ་པའི་དཔའ་བོ22ཀྱི་ཁྲོད་དཔའ་བོ12ཀྱི་མིང་ཐོབ་གཏན་འཁེལ་བྱུང་ཡོད། དེའི་ནང་ལིའུ་ཙེ་ཧྭ་དང་ལིའུ་ཅིང་ཧྲན། ལི་ཡིའུ་ལིན་བཅས་དཔའ་བོ་གསུམ་གྱི་པར་ཡོད་པ་རེད། ཝང་ཞའོ་ཆིན་དང་ཝང་ཡུས་ཙི་གཉིས་པོས་རང་ཉིད་ཀྱིས་མུ་མཐུད་ནས་མིང་འཚོལ་སྙེག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཝང་ཞའོ་ཆིན་གྱི་ཨ་ཕས་ལྕགས་ཟམ་ཁ་ནི་ཕ་ཡུལ་གཉིས་པར་བརྩི་བཞིན་ཡོད་དེ། ཡུལ་གཞན་དུ་ཡོད་པའི་ཁྲུང་ཆིང་གི་བུ་ཞིག་གི་ངོས་ནས་ཨ་ཕ་ནི་ཁྲུང་ཆིང་ལ་དགའ་པོ་ཡོད་མོད། འོན་ཀྱང་ལྕགས་ཟམ་ཁ་ལ་དེ་བས་དགའ་བ་དང་། ལྕགས་ཟམ་ཟམ་པ་ལ་དེ་ལས་ཀྱང་དགའ་པོ་ཡོད། ལྕགས་ཟམ་དང་འབྲེལ་བ་ཡོད་པའི་དཔའ་བོ་ཐམས་ཅད་ཨ་ཕའི་ཚེ་གང་བོར་དེ་དང་དམ་པོར་འབྲེལ་ནས་ཡོད་པ་རེད་བཤད། ཨ་ཕའི་མི་ཚེའི་དམ་བཅའ་ནང་གསར་བརྗེའི་རིག་གནས་ཀུན་གྱི་ཡིད་སྨོན་ཤོར། ལོ་ངོ་སྟོང་གི་བྱ་གཞག་ཆེན་པོའི་རྒྱང་སྐྱོད་ལམ་བུར་བསྐྱོད། མི་དམངས་རྒྱང་སྐྱོད་བྱེད་དགོས་པ། དུས་རབས་ལ་རྒྱང་སྐྱོད་བྱེད་དགོས་པ་བཅས་ནི་ཁོའི་སྙིང་གཏམ་དྲོན་མོ་རེད།

ལྕགས་ཟམ་ཟམ་པ་དེའི་ཐོག་དཔའ་བོ22ཀྱིས་དཔའ་ངར་ཆེན་པོས་འབད་འཐབ་བྱས་པ་དང་། སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རབས་དང་པོའི་མགོ་ཁྲིད་པ། མི་དམངས་དམག་དཔུང་གི་དམག་སྤྱི7དང་དམག་དཔོན་ཆེན་པོ་བརྒྱ་ལྷག་ཙམ་བཅས་ཡོད་པར་མ་ཟད། ད་དུང་ཝང་ཡུང་མུའོ་ཡི་ཁྱིམ་ཚང་ཚང་མས་དུས་རབས་གསར་པར་རྒྱང་སྐྱོད་བྱས་དང་བྱེད་བཞིན་ཡོད་པ་རེད།།





  • ལེ་ཚན་སྔོན་མ།:མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་བཟང་པོ་ཐོབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།