མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་བཟང་པོ་ཐོབ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-08-04

དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་བཞི་ལིང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་དགའི་གནས་ཚུལ་རགས་བཀོད།

མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་བཟང་པོ་ཐོབ།
སྐལ་དགས་གྲོང་མི་དང་ཁ་བརྡ་ལབ་བཞིན་པའི་ཚུལ།

ལག་ཟུང་གིས་ལྟོ་གོས་འཛོམ་ཐབས་བྱས་ཤིང་དཀའ་ངལ་གདོང་གིས་བསུས།

   ཁྱེད་ཚོས་རྟེན་གཞི་འདིར་ལས་གཉེར་བྱེད་པའི་གོ་སྐབས་དམ་འཛིན་ཡག་པོ་བྱ་དགོས་པར་མ་ཟད། རང་ནུས་ཅི་ལྕོག་གིས་ལས་ཀ་ཡག་པོ་བསྒྲུབ་དགོས། སྤྱི་ཟླ7པའི་ཚེས10ཉིན། དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་བཞི་ལིང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་དགའ་དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་ལས་དཔེ་སྟོན་རྟེན་གཞིར་ཕྱིན་ནས་གནས་འདིར་ལས་གཉེར་བྱེད་བཞིན་པའི་གྲོང་མི་ཚོ་དང་ཁ་བརྡ་བྱེད་བཞིན་འདུག། རྟེན་གཞི་དེས་ས་གནས་དེ་གའི་མང་ཚོགས་ལ་གཏན་འཇགས་ཀྱི་ལས་གནས་སྤྲད་ནས་ལས་གཉེར་གྱི་གོ་སྐབས་བསྐྲུན་ཡོད། ས་གནས་དེ་གའི་གྲོང་མི་ཚོས་དེར་ལས་གཉེར་བྱས་ན་ཉིན་རེར་གླ་ཆ་སྒོར100 རག་གི་རེད།

   མུ་མཐའ་མེད་པའི་ས་ཞིང་ནང་དུ་ཞོག་ཁོག་གི་མྱུ་གུ་དང་ལུག་མིག་མེ་ཏོག། སྐྱེ་ལྡན་སྔོ་ཚལ་བཅས་ཀྱི་སྐྱེ་སྟོབས་ཀྱི་ཁོ་ལག་རྫོགས་པས་གཤིན་ས་བརྟོལ་ནས་ལྗང་མདོག་གི་རྣམ་པས་རབ་ཏུ་ཁེངས། དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་བསྐྲུན་པ་ནས་བཟུང་ས་ཞིང་མུའུ500སྡུད་སྤྱོད་དང་ས་ཞིང་མུའུ3000ལྷག་ཙམ་འཁོར་རྒྱུག་ནང་བཤུག་བྱས་ཡོད། འདེབས་འཛུགས་དུད་ཆེན་ལ་ཞིང་ལས་སྐྱེ་དངོས་མུའུ6000ལྷག་ཙམ་འདེབས་པར་སྐུལ་ཁྲིད་བྱས་ཤིང་། ས་ཞིང་འཁོར་རྒྱུག་དང་ངལ་ནུས་གཞན་སྒྱུར། ལས་གཉེར་ལས་ཞུགས། ཐོན་རྫས་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གྲོང་ཚོ12ཀྱི་དུད་ཚང510ཡི་དབུལ་པོ་མི་འབོར 1059ལ་འབབ་འཕར་སྒོར་ཁྲི400ལྷག་ཙམ་བྱུང་ཡོད་པ་རེད།

   སྐལ་དགའ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། ཁོའི་ལས་འགན་གཙོ་བོ་ནི་གླིང་ཁུལ་གྱི་ངལ་ནུས་ལས་མི་ལུགས་མཐུན་ངང་མངག་གཏོང་བྱས་ནས་གྲོང་མི་ཚང་མར་ངལ་ནུས་རང་བཞིན་གྱི་འབབ་འཕར་ཡོང་བ་བྱ་རྒྱུ་དེ་རེད།

   སྐལ་དགའ་ད་ལོར་ལོ་སོ་དགུ་ལ་སླེབས་ཤིང་། དེ་སྔོན་རང་ཉིད་ལོ་ཆུང་ལ་རང་གཅུན་འདུ་ཤེས་ཞན་པས་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་མེད། སློབ་འབྲིང་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་ཞིང་ལས་གཉེར་དགོས་ཐུག། རིག་གནས་ཆུ་ཚད་མཐོན་པོ་མེད་རྐྱེན། སྐལ་དགས་ལག་རྩལ་སྦྱོང་བར་འབད་བརྩོན་བྱས་ནས་འཕྲུལ་རྟ་དང་རླངས་འཁོར་ཞིག་གསོའི་ལག་རྩལ་ཁོང་དུ་ཆུད་ནས་འཕྲུལ་རྟ་ཞིག་གསོ་ཁང་ཞིག་བཙུགས། གྲོང་སྡེ་དེའི་གྲོང་མི་ཚོས་སྔ་གཞུག་ཏུ་འཕྲུལ་རྟ་ཉོས་པ་དང་ཁོས་ལག་རྩལ་ཡག་པོ་ལ་བརྟེན་ནས་ལོ་གཅིག་གི་ནང་དུ་སྒོར་ཁྲི20རག་པ་རེད། ཁོས་འཕྲུལ་རྟ་ཞིག་གསོ་བྱ་རྒྱུ་དཀའ་ཚེགས་ཆེན་པོ་རེད་འདུག། དགུང་མོའི་ཆུ་ཚོད་གསུམ་པའམ་བཞི་པའི་སྐབས་ན་ཡང་གྲོང་མི་ཚོར་དགོས་མཁོ་ཡོད་ཚེ་ང་ཡར་ལངས་ནས་འཕྲུལ་རྟ་ཞིག་གསོ་བྱེད་ཀྱི་ཡོད་ཅེས་བཤད།

   ལོ་ཁ་ཤས་ལ་འཕྲུལ་རྟ་ཞིག་གསོ་བྱས་རྗེས་སྐལ་དགར་བསགས་དངུལ་མི་ཉུང་བ་ཞིག་བྱུང་ཡོད། འོན་ཀྱང་ཨ་ཕར་ནད་གཞི་ལྕི་མོ་ཞིག་ཕོག་ནས་སྒོར་ཁྲི70ལྷག་ཙམ་གྱི་འགྲོ་གྲོན་བཏང་། སྨན་སྣ་མང་ཆེ་ཤོས་ཤིག་རང་གྲོན་སྨན་སྣ་ཡིན་པས་རྩིས་ཞུ་བྱེད་མ་ཐུབ། མཐར་སྐལ་དགའི་བསགས་དངུལ་ཉུང་ངུ་ལས་མེད་པར་གྱུར་པར་མ་ཟད་ཨ་ཕ་ཡང་ཚེ་ལས་འདས་སོང་བ་རེད།

མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་བཟང་པོ་ཐོབ།

བཞི་ལིང་གྲོང་ཚོའི་རྣམ་པ།

འགན་ཆེན་ཕྲག་ཏུ་ཁུར་ནས་ཡུལ་མི་ཕྱུག་ཐབས་བྱས།

    དབུལ་ཐར་འགག་སྒྲོལ་ཡོང་དགོས་ན་ཐོན་ལས་སྔོན་ལ་གཉེར་དགོས་པ་སྟེ། བཞི་ལིང་གྲོང་སྡེའི་ས་ཞིང་ཡུག་གཅིག་ཏུ་སྦྲེལ་ཡོད་པས་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བར་ཆ་རྐྱེན་ལེགས་པོ་ལྡན་ཡོད། འོན་ཀྱང་གྲོང་མི་ཚོས་དེ་སྔོན་ཀྱི་ཁེར་རྐྱང་གི་སྲོལ་རྒྱུན་ཞིང་ལས་རྒྱུན་འཁྱོངས་པར་བརྟེན་དབུལ་ཐར་མངོན་དུ་འགྱུར་བར་འགལ་རྐྱེན་དང་འཕྲད། དེར་དམིགས་ནས་ཞིང་འབྲེལ་བསྡུ་སྒྲིལ་མ་དངུལ་དང་རོགས་སྐྲུན་མ་དངུལ་ཞིང་ལས་གསར་སྤེལ་སྤྱི་གཉེར་ཁང་ལ་གཉེར་སྐྱོང་དང་དོ་དམ་བྱ་རྒྱུར་རྩིས་སྤྲད་དེ་དེང་རབས་ཞིང་ལས་གླིང་ཁུལ་བཙུགས་ཏེ། གྲོང་མིར་ས་ཞིང་འཁོར་རྒྱུག་ནང་བཤུག་དང་ངལ་ལས་ཡོང་འབབ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཐོབ་ཆ་བཅས་བགོ་རྒྱུ་ཡོད་པ་བརྒྱུད་ནས་དབུལ་པོ་དང་རྗེས་ལུས་ཀྱི་རྣམ་པ་བསྒྱུར་བའི་ཐབས་ལམ་བཙལ། དེ་ནས་གྲོང་མི་ཚོའི་ཡིད་ཆེས་དང་རྒྱབ་སྐྱོར་འོག་སྐལ་དགའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད། སྐལ་དགས་འདི་ནི་གྲོང་མི་ཚོའི་མངག་བཅོལ་གལ་ཆེན་དང་ཡིད་ཆེས་ཆེན་པོ་ཡིན་པས་ངས་ངེས་པར་དུ་གྲོང་ཚོ་ཨུ་ལྷན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་ལས་གསར་སྤེལ་སྤྱི་གཉེར་ཁང་གི་རྒྱབ་སྐྱོར་འོག་གྲོང་མི་ཚོར་རྒྱུན་མཐུད་ངང་འབབ་འཕར་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།

 དེང་རབས་ཞིང་ལས་གླིང་ཁུལ་ལས་བྱུང་བའི་ཕན་པ་དངོས་ལ་བརྟེན་ནས་སྐལ་དགས་ས་ཞིང་མུའུ29འཁོར་རྒྱུག་ནང་བཤུག་བྱས་པ་དང་ལོ་གཅིག་ཁོ་ནར་འཁོར་རྒྱུག་བཏང་གླ་སྒོར་ཁྲི1.48ལ་ཟིན། ཁོའི་བཟའ་ཟླ་རྟེན་གཞིའི་ནང་དུ་ལས་གཉེར་བྱེད་བཞིན་ཡོད་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར4000ལྷག་ཡོད། སྐལ་དགའ་ལ་ཟླ་གཅིག་ལ་གླ་ཕོགས་སྒོར3000ཡོད་པ་དང་ཞིང་ལས་གསར་སྤེལ་སྤྱི་གཉེར་ཁང་གིས་ཟླ་རེར་ཁ་གསབ་སྒོར1500སྤྲད་ཀྱི་ཡོད།སྐལ་དགས་ད་ལོ་ང་ཚོའི་གྲོང་སྡེས་ནས་མུའུ138བཏབ་པ་དང་ཞོག་ཁོག་མུའུ15བཏབ་ཡོད།ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞོག་ཁོག་འཚོང་རོགས་བྱས་ནས་ང་ཚོའི་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་མི་ཉུང་བ་ཞིག་བྱུང་། གྲོང་ཚོའི་ཐུན་མོང་གིས་ས་ཞིང་མུའུ113འཁོར་རྒྱུག་བྱས་པར་བརྟེན་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར1700ལྷག་ཙམ་བྱུང་ཡོད་ཅེས་བཤད།

   ལོ་རེའི་ཟླ་བ8པ་ནི་མཐོ་སྒང་ལུག་མིག་མེ་ཏོག་འཐུ་བའི་དུས་ཡིན་ཞིང་། 2018ལོའི་ལོ་མཇུག་ནས་བཟུང་དཔལ་ཡུལ་རྫོང་གིས་གྲོང་རྡལ6ལ་གཞི་ཁྱོན་ཆུང་བའི་ཡུག་འབྲེལ་འདེབས་འཛུགས་བྱས་པ་དང་ལུག་མིག་ཐོན་ལས་འཕེལ་རྒྱས་བཏང་ནས་སྤྱིའི་རྒྱ་ཁྱོན་མུའུ800ལྷག་ལ་ཟིན་ཡོད་པ་རེད།

  གྲོང་མི་ཆོས་སྒྲོན་གྱིས་ཞིང་ལས་དྲོད་ཁང་ཆེན་མོའི་འདེབས་འཛུགས་རྟེན་གཞིར་ལས་གཉེར་བྱེད་བཞིན་ཡོད་ལ་གཙོ་བོ་དྲོད་ཁང་ནང་གི་ལུག་མིག་མེ་ཏོག་ལ་ཡུལ་མ་ཡུར་བ་དང་ཆུ་འདྲེན་པའི་འགན་འཁུར་གྱི་ཡོད། མོའི་ཁྱོ་གས་ཀྱང་རྟེན་གཞིར་ཞོར་ལས་ལས་བཞིན་ཡོད།

  མོའི་ཁྱིམ་ཚང་རྟེན་གཞི་དང་བར་ཐག་མི་རིང་བའི་སར་ཆགས་ཡོད་པས་ཉིན་རྒྱུན་རྐང་ཐང་དུ་འགྲོ་འོང་བྱེད་ཀྱི་ཡོད་པ་དང་ཧ་ཅང་སྟབས་བདེ་ཡིན།ཁྱིམ་ཚང་གང་བོར་ས་ཞིང་མུའུ18ཡོད་པ་དང་ས་ཞིང་མུའུ11འཁོར་རྒྱུག་བྱས་ཡོད། ཆོས་སྒྲོན་གྱིས་ས་ཞིང་འཁོར་རྒྱུག་གྲོན་དངུལ་གྱི་ཡོང་འབབ་དང་ལས་གཉེར་ཡོང་འབབ་བསྣན་ན་ལོ་རེར་ཡོང་འབབ་སྒོར་ཁྲི5ལྷག་འདུག་པས་དེ་སྔོན་ཀྱི་འབྲུ་རིགས་འདེབས་པ་དང་ཕྱུགས་འཚོའི་ཡོང་འབབ་ལས་ཡག་པོ་འདུག་ཅེས་བཤད།

མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་བཟང་པོ་ཐོབ།

གྲོང་མིས་རྟེན་གཞིའི་ནང་དུ་ལུད་རྒྱག་བཞིན་པའི་ཚུལ།

   སྐལ་དགས་ད་སྔར་གྲོང་སྡེ་དེར་འཁོར་རྒྱུག་ས་ཞིང་མུའུ140ཡོད་པ་ཚང་མར་མཐོ་སྒང་ལུག་མིག་བཏབ་ཡོད།ལོ་རེའི་མཐོ་སྒང་ལུག་མིག་འཐུ་བའི་དུས་ཚིགས་སླེབས་དུས་སྤྱི་གཉེར་ང་གིས་རྒྱ་མ་གང་རེར་རིན་གོང་སྒོར15བྱིན་ནས་གྲོང་མི་ཚོ་ལུག་མིག་འཐུ་བར་སྐུལ་མ་བྱས། ན་ནིང་ངའི་བཟའ་ཟླ་ཉིན་གཉིས་ལ་འཐུ་བར་སོང་ནས་གླ་ཆ་སྒོར1200རག་བྱུང་ཞེས་བཤད།

    ལུག་མིག་སོས་པ་རྒྱ་མ་བཞིས་ཧ་ལམ་མེ་ཏོག་སྐམ་པོ་རྒྱ་མ་གང་རེར་བཟོ་ཐུབ། དེ་ནི་ཆུའི་ནང་དུ་སྦངས་ནས་བཏུང་ན་འཚམ་ཞིང་ཕན་ནུས་མང་པོ་ལྡན་ལ་ཁྲོམ་རར་རྒྱུག་ཆེ་བར་མ་ཟད་ཟུར་སྣོན་རིན་ཐང་ཅུང་མཐོན་པོ་ཡོད།ལུག་མིག་སེར་པོ་དམ་བེ་གང་ལ་ཁྲོམ་རའི་རིན་གོང་ཧ་ལམ་སྒོར88ལ་ཟིན་པ་དང་། མེ་ཏོག་ཆེན་པོ་གཅིག་གིས་སྒོར་བརྒྱད་དགུ་ཙམ་རག་གི་ཡོད།སྐལ་དགས་སྤྱི་གཉེར་ཁང་གི་སྐུལ་ཁྲིད་འོག་ཏུ་མིག་སྔར་མི་སེར་ཚོར་ཞིང་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་གསར་པ་རབ་དང་རིམ་པ་གསོ་སྦྱོང་བྱས་ནས་མཐོ་སྒང་ལུག་མིག་བཏབ་ནས་འབབ་འཕར་ཡོང་བ་བྱ་དགོས་པ་དང་།ཕྱིན་ཆད་སྤྱི་གཉེར་ཁང་གིས་སྤྱི་གཉེར་ཁང་དང་མཉམ་ལས་ཁང་ཟུང་དུ་འབྲེལ་བའི་འདེབས་འཛུགས་བྱེད་སྟངས་བརྒྱུད་ནས། དུས་འགོར་ས་ཆ་བསྡུ་སྤྱོད་དང་རིན་པ་མི་དགོས་པར་གཅིག་གྱུར་གྱིས་སོན་བཟང་མཁོ་འདོན། འདེབས་འཛུགས་ལག་རྩལ། ཉོ་སྒྲུབ་ལས་སྣོན།ཐོན་རྫས་ཕྱིར་ཚོང་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གྲོང་མིར་ལུག་མིག་མེ་ཏོག་འདེབས་པར་སྐུལ་ལྕག་བྱ་རྒྱུ་རེད་ཅེས་བཤད།

  འཛིང་ཁོག་ཡུལ་ཤོག་བཞི་ལིང་གྲོང་ཚོ་ནི་དེ་སྔ་དམར་དམག་བརྒྱུད་མྱོང་བའི་ས་ཆ་ཡིན་ལ། སྔོན་ཆད་དམར་དམག་གིས་འཐབ་འཛིང་བྱས་མྱོང་བའི་ས་ཆར་དམར་དམག་ནགས་ཚལ་ཞེས་མིང་བཏགས་པ་དང་། དམར་དམག་བརྒྱུད་མྱོང་བའི་ལམ་ཆུང་ལ་དམར་དམག་ལམ་ཞེས་མིང་བཏགས་པ་རེད། སྐལ་དགས་གདེང་ཚོད་ཆེན་པོའི་སྒོ་ནས་གསར་བརྗེའི་ས་ཆར་དུས་རབས་ཀྱི་སྐྱེ་སྟོབས་འཕེལ་བར་བྱས་ནས། ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་གྲོང་མི་ཚོར་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྲོད་ཐོན་ལས་དར་རྒྱས་དང་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་ཡོང་བར་བྱ་དགོས་ཞེས་བཤད་དོ།།


  • ལེ་ཚན་སྔོན་མ།:དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་ཁ་ཕྱོགས།
  • ལེ་ཚན་རྗེས་མ།:མི་རབས་གསུམ་གྱི་རྒྱང་སྐྱོད་ལམ་བུ།
  • དོ་སྣང་ཆེ་བའི་རྩོམ།