དད་སེམས་པད་དཀར་འཛུམ་པའི་ཟླ་ཟེར།

ཇེང་།        2022-08-05

འཇིགས་མེད་བསྟན་པའི་གཟི་བྱིན་མཁའ་རུ་བཏེགས། །

ཕུན་ཚོགས་མངའ་ཐང་ཆོས་ཀྱི་འོད་སྣང་འབར། །

སྙིང་རྗེས་འགྲོ་ལ་གདུལ་བྱའི་རེ་འདོད་བསྐངས། །

ཕན་བདེའི་འབྱུང་གནས་ཡིད་བཞིན་ནོར་བུར་འདུད། །

འཇམ་དཔལ་སྤྲུལ་བ་མཐོང་གྲོལ་བྱིན་རེ་ཆགས། །

ངོ་མཚར་གསུང་དབྱངས་དྲུག་ཅུ་རབ་རྫོགས་པའི། །

རྗེས་ཆགས་བརྩེ་བའི་སྤྱན་གྱིས་ཚུལ་གཟིགས་ནས། །

ཤེས་རབ་ཉི་ཟླའི་ཆར་དུ་ཡང་ཡང་འཚེར། །

རིག་སྟོང་ཟབ་མོས་དེ་ཉིད་སྒོ་འཕར་ཕྱེས། །

སྨིན་གྲོལ་བདུད་རྩི་ཆོས་ཀྱི་གདམས་པ་མནོས། །

གཞུང་ལུགས་ཐོས་བསམ་སྒོམ་པའི་རྣམ་ཐར་སོགས། །

གོ་ལའི་ཁྱོན་ལ་རྟགས་མཚན་རང་འབར་ཡིན། །

སངས་རྒྱས་བསྟན་པའི་བ་དན་མཁའ་རུ་བསྒྲེངས། །

ལས་བཞི་འགྲོ་བའི་དོན་ཆེན་རྟག་ཏུ་འབད། །

མི་འཇིགས་སེང་གེའི་ང་རོའི་གསུང་དབྱངས་བསྒྲགས། །

མཐའ་མེད་ནམ་མཁའི་དབྱིངས་སུ་ལྡིང་སྐོར་བརྒྱབ། །

ཐབས་ཤེས་ཟུང་དུ་འཇུག་པའི་སྟངས་སྟབས་རེ། །

རྨད་བྱུང་ལུང་རྟོགས་རྒྱལ་མཚན་བླ་རུ་མཐོ། །

མཛད་ཕྲིན་གསེར་གྱི་ཉི་མའི་འོད་རླབས་འཁྱུག །

རིས་མེད་འགྲོ་ལ་གཟིགས་པའིི་ངང་ཚུལ་དྲན། །

སྐུ་སྐྱེ་རིམ་བྱོན་རིག་འཛིན་ལུང་གིས་བསྔགས། །

ངོ་མཚར་དཔལ་གྱིས་ཕྱུག་པའི་དཔེ་བྱད་རྫོགས། །

མཚུངས་མེད་རྟེན་འབྱུང་གྲུབ་པའི་སྣ་ནམ་པ། །

སྐྱེ་རྒུའི་དཔལ་དུ་བྱོན་པའི་མགོན་པོ་ཉིད། །

ཡིད་བཞིན་ནོར་ལས་ལྷག་པའི་འགྲོ་བའི་མིག །

ཐུགས་བསྐྱེད་བརྩེ་ཆེན་ཞགས་པས་འགྲོ་ལ་བཅིངས། །

ཐར་བའི་ཞིང་མཆོག་དད་པའི་ཡིད་མཚོ་རུ། །

དཔག་མེད་གདུལ་བྱ་འདྲེན་པའི་མཛད་རྗེས་ལེགས། །

རིག་སྟོང་འཇམ་དཔལ་སྐུ་ཡི་ལྷ་མཆོག་དངོས། །

དད་འདུན་མོས་པའི་བློ་ཡིས་ལན་བརྒྱར་འབོད། །

བྱིན་རླབས་དངོས་གྲུབ་མྱུར་བའི་ལྷག་པའི་ལྷ། །

རྨོངས་པའི་མུན་པ་གཞོམ་པའི་དཔལ་ཐོབ་ཤོག །



  • ལེ་ཚན་སྔོན་མ།:མཚོ་རྫིང་ཨུཏྤལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།