དབྱར་གཞུང་གི་མགྱོགས་བྲིས།

ཚེ་རིང་ནད་མེད།        2022-08-08

དབྱར་གཞུང་གི་མགྱོགས་བྲིས།

ཡིད་དབུས་ཏོག་བཞད་པའི་དུས།།

ཁྱེད་ཉིད་དུས་ཀྱི་སྦྲང་ཆར་ཡིན།།

སྣོད་བཅུད་དྲོད་ཀྱིས་གཏམས་དུས་འདིར།།

གཡང་ལ་འཁྱིལ་བའི་དབྱར་གཞུང་ཁྱེད།།

སྤང་གཞུང་ཡངས་མོའི་པང་བ་ནས།།

མེ་ཏོག་འཐོག་པའི་སེམས་མ་ཁྱེད།།

དགུང་གི་ཉི་མར་ཁ་གཏད་ནས།།

སུ་ཡི་སེམས་ཀྱི་སྲུང་མ་ཡིན།།

ཚ་དྲོད་འཕྱུར་བའི་གྲོང་ཁྱེར་དུ།།

ཁྱེད་ཀྱི་བསིལ་རླུང་གཡབ་མོ་ཡིན།།

རླུང་བུ་གདོང་ལ་ཕོག་ཐེངས་རེར།།

ལུས་སེམས་གཉིས་ལ་བདེ་བ་སྟེར།།

བརྩེ་བའི་མིག་ཟུང་སྒོར་སྒོར་ཞིག།།

ཞེ་ལ་འཁྱིལ་ནས་ཡུན་རིང་སོང་།།

གཙང་པོ་དེ་ཡི་འགྲམ་ལོག་ནས།།

ཞེ་མཐུན་སུ་ཞིག་བསྒུགས་ནས་ཡོད།།

ཞོགས་པར་རི་རྩེ་སྤྲིན་དཀར་དེ།།

ཉི་གཞོན་འདྲེན་པའི་རྟགས་སུ་འཁྲུངས།།

སྐྱོ་བའི་ན་བུན་དབྱིངས་སུ་ཡལ།།

མི་སེམས་དྲན་སྣང་སྐྱིད་པ་ལ།།

བརྩེ་བའི་ཞེ་འདང་གཡུང་དྲུང་རིས།

ཡུལ་ལ་འཁྱིལ་བའི་བདེན་རྟགས་སུ།།

རྐང་རྗེས་ཡུལ་ལ་སྤར་སོང་ན།།

ཚེ་རབས་བསྐལ་བའི་འཕྲིན་ལས་བརྗིད།།


  • ལེ་ཚན་སྔོན་མ།:ལྷ་སའི་བྱམས་པ་དྲན་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།