སྨན་བཅོས་ཀྱི་ལག་རྩལ་རྩེ་ལ་སོན།། བྱམས་བརྩེ་ཡིས་ནད་པ་སྲོག་ལས་སྐྱོབ།།

        2022-08-19

སྨན་བཅོས་ཀྱི་ལག་རྩལ་རྩེ་ལ་སོན།། བྱམས་བརྩེ་ཡིས་ནད་པ་སྲོག་ལས་སྐྱོབ།།

ཁོང་ནི་སྙིང་རུས་ཆེ་ཞིང་སློབ་སྦྱོང་ལ་དགའ་བ་དང་ཤེས་བྱ་ཡང་དག་འཚོལ་ཞིབ་བྱས་ལ། སྨན་བཅོས་ལག་རྩལ་ལ་མཁས་ཤིང་། ཁོང་གིས་ནད་ཀྱིས་མནར་བ་དག་གཉེན་ཉེར་བརྩིས་ནས་སྲོག་སྐྱོབ་སྨན་བཅོས་བྱས་པ་དང་། དུས་ཚོད་ཉེར་བཞིའི་ནང་ཁ་པར་སྒོ་རྒྱག་མི་སྲིད་ལ། དུས་ནམ་ལ་ཁ་པར་བཏང་ན་ཉན་ཞིང་། ནད་པ་ནི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས་བྱ་བ་ཡོངས་ཀྱི་ཨང་དང་པོར་བཞག། ཁོང་གིས་བྱམས་བརྩེའི་བློ་རྒྱ་དང་བླ་ན་མེད་པའི་སྨན་པའི་ཀུན་སྤྱོད། རྩེར་སོན་པའི་སྨན་བཅོས་ལག་རྩལ་བཅས་ཀྱི་ཐོག་ནས་ཚེ་སྲོག་གི་ལེའུ་གསར་པ་ཞིག་བརྩམས་ཡོད་པ་རེད།

ཁོང་ནི་རྒྱལ་ཡོངས་ཀྱི་ཚན་པ་གསུམ་པའི་ཀྲུང་ལུགས་གསོ་རིག་ཆེད་མཁས་རིག་གཞུང་ཉམས་མྱོང་རྒྱུན་འཛིན་ལས་དོན་གྱི་ཕུལ་བྱུང་རྒྱུད་འཛིན་པ་དང་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར། སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་རང་རེའི་ཁུལ་གྱི་གྲགས་ཅན་བོད་ལུགས་གསོ་རིག་གི་ཆེད་མཁས་དང་དཀར་མཛེས་ཁུལ་སྨན་རྩིས་ཁང་གི་ཡོན་ཀྲང་གཉའ་རྒྱལ་མཚན་ལགས་རེད།

ལས་གནས་ལ་དགའ་ཞིང་འགན་འཁྲི་ཏན་ཏིག་བསྒྲུབས།

1991ལོར་གཉའ་རྒྱལ་མཚན་སྡེ་རོང་རྫོང་རུ་ལུང་ཡུལ་ཤོག་འཕྲོད་བསྟེན་ཁང་དུ་ལས་བགོས་བརྒྱབ་ནས་བོད་ཀྱི་གསོ་རིག་ཚན་ཁག་གཏོད་རྒྱུའི་ལས་འགན་ལྗིད་པོ་ཕྲག་ཏུ་ཁུར་ནས་དེ་རུ་ཕྱིན། སྐབས་དེར། སྡེ་རོང་གྲོང་ཁུལ་ནས་རུ་ལུང་ཡུལ་ཤོག་གི་འཕྲོད་བསྟེན་ཁང་གི་བར་དུ་གཞུང་ལམ་མི་ཐར་ལ་གློག་ཀྱང་མེད་པ་རེད། ཁོར་ཡུག་འདི་འདྲའི་འོག་སྨན་རྫས་དཀོན་པ་ནི་སྨོས་མ་དགོས་ཤིང་། སྨན་མེད་ན་ནད་པར་སྨན་བཅོས་བྱེད་ཐབས་མེད་པས་ནད་ཀྱིས་མནར་བའི་ས་གནས་དེ་གའི་མང་ཚོགས་ལ་ལྟ་བཞིན་གཉའ་རྒྱལ་མཚན་གྱིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་དེ་གང་སར་སྨན་རྫས་སྣ་ཚོགས་ཉོས་ཏེ་རྟ་ལ་བཀལ་ནས་འདྲེན་ཏེ་དཀའ་བ་བརྒྱ་དང་ངལ་བ་སྟོང་གིས་རུ་ལུང་ཡུལ་ཤོག་འཕྲོད་བསྟེན་ཁང་དུ་བོད་ཀྱི་གསོ་རིག་ཚན་ཁག་བཙུགས་པ་རེད། དུས་དེ་ནས་བཟུང་ས་གནས་དེ་གའི་མང་ཚོགས་ལ་ནད་ཕོག་ཀྱང་འཇིགས་སྐྲག་དང་སྡུག་བསྔལ་མྱོང་མི་དགོས་ཤིང་། གཉའ་རྒྱལ་མཚན་གྱིས་རང་ཉིད་ཀྱི་ལང་ཚོ་ས་གནས་དེ་གར་ཕུལ། 1994ལོར་ཁོང་དཀར་མཛེས་ཁུལ་སྨན་རྩིས་ཁང་དུ་བདམས་གསེས་བྱས་ནས་དེ་གར་མངགས་ཏེ་གཞི་རིམ་གྱི་སྨན་པ་དཀའ་བཅུ་པའི་ལས་གནས་ནས་འགོ་བཙུགས་ཏེ་མི་ལོ28རིང་དཀའ་སྤྱད་འབད་བརྩོན་བྱས་པར་བརྒྱུད་འགྲོ་འདུལ་རྣམ་རྒྱལ་དང་དཀོན་མཆོག་དབང་འདུས། དགའ་བ་རྡོ་རྗེ། ཕུན་ཚོགས་རབ་བརྟན། སྐལ་བཟང་ཉི་མ་སོགས་བོད་ལུགས་གསོ་རིག་གི་གྲགས་ཅན་ཆེད་མཁས་དག་གིས་མཛུབ་ཁྲིད་འོག་ཁོང་གི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་བྱའི་ཆུ་ཚད་ཡར་ངོའི་ཟླ་བཞིན་གོང་འཕེལ་ཕྱིན་ནས་ད་ལྟར་ཁོང་རྒྱལ་ནང་གི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་གྲགས་ཅན་སྨན་པར་གྱུར་ཡོད།

ལོ་ཉེར་བརྒྱད་རིང་ལ་གཉའ་རྒྱལ་མཚན་གྱི་ལག་འཛིན་ཁ་པར་སྒོ་བརྒྱབ་མ་མྱོང་ལ་ཁོང་གི་ཁ་པར་ཨང་གྲངས་ནི་ལས་རོགས་ཚོས་སྨན་ཁང་གི་སྔོན་ནས་དུས་བཏབ་ཨང་གྲངས་ཡིན་ཞེས་བརྗོད་ཀྱི་ཡོད།

སྨན་ཁང་དུ་སྨན་བཅོས་བྱེད་དུ་ཡོང་བའི་ནད་པ་མང་ཆེ་བ་ཐག་རིང་གི་ཞིང་འབྲོག་ཁུལ་ནས་ཡིན་པ་དང་ནད་པ་ཁག་གཅིག་ལ་མ་མཐའི་སྨན་བཅོས་འགྲོ་གྲོན་ཡང་གཏོང་ས་མེད། དམིགས་བསལ་དཀའ་ངལ་ཡོད་པའི་ནད་པ་ཁ་ཤས་ལ་ཁོང་གིས་རང་ཉིད་ཀྱི་དངུལ་ཕུད་ནས་ཁོང་ཚོར་སྨན་རིན་སྔ་འདོན་བྱེད་ཀྱི་ཡོད། སྔོན་ཆད་ལི་ཐང་རྫོང་སྣ་པོ་ཡུལ་ཤོག་གི་བུད་མེད་ནད་པ་ཞིག་བུ་ཡིས་ཁྲིད་ནས་སྨན་ཁང་མང་པོར་སོང་ནས་སྨན་བསྟེན་ཡང་འབྲས་བུ་གང་ཡང་མ་ཐོབ་པར་བརྟེན་ཁུལ་སྨན་རྩིས་ཁང་དུ་ཡོང་རྒྱུའི་ཐག་བཅད། སྐབས་དེ་དུས་ཁོ་ཚོར་དངུལ་སྐར་མ་གང་ཡང་མ་ལྷག་ཅིང་། ཅི་བྱ་གཏོལ་མེད་དུ་གྱུར་སྐབས་སེམས་ལ་ཁུལ་བོད་སྨན་ཁང་དུ་གཉའ་རྒྱལ་མཚན་ཟེར་བ་བྱམས་སྙིང་རྗེས་ཕྱུག་པའི་སྨན་པ་ཞིག་ཡོད་རབས་གོ་མྱོང་བས་རེ་བ་ཡོད་ཚད་དེར་བཅོལ་ནས་ཁུལ་སྨན་ཁང་དུ་འབྱོར། གཉའ་རྒྱལ་མཚན་གྱིས་ཐོག་མར་ཁོང་རང་གིས་དངུལ་གཏའ་མར་བཞག་ནས་ཞལ་འདེབས་བསྡུས་ཏེ་སྨན་རིན་དང་འཚོ་བར་དགོས་ངེས་རྣམས་ཉོས། སྨན་ཁང་གི་ལས་བཟོ་བ་ཡོངས་ཀྱིས་སེམས་ཁུར་དང་རོགས་རམ་བྱས་པར་བརྟེན། ཟླ་གཅིག་ལྷག་གི་རིང་ལ་སྨན་བཅོས་བྱས་རྗེས། ནད་མནར་བའི་ཨ་མ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད། སྨན་ཁང་ནས་བྲལ་ཁར་མ་བུ་གཉིས་བྱམས་སྙིང་རྗེས་ཕྱུག་ལ་གཏོང་ཕོད་ལྡན་པའི་སྨན་པ་གཉའ་རྒྱལ་མཚན་དང་ལས་བཟོ་བ་ཡོངས་ལ་མཐེ་བོང་བསྒྲེངས་ནས་མི་བཟང་པོར་མི་ཚེའི་རིང་ལ་བར་ཆད་མེད་པ་དང་ཅི་བསམ་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་ཡང་ཡང་ཞུས་པ་རེད།

ཐོག་མའི་བསམ་འདུན་མི་བརྗེད་ནས་ཏང་ཡོན་གྱི་རང་བཞིན་མངོན་པར་གསལ།

2019ལོའི་སྤྱི་ཟླ12པར། ཝུའུ་ཧན་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་ཞིང་།2020ལོར་སླེབས་སྐབས་ཁམས་པའི་མཐོ་སྒང་གི་རྟའུ་རྫོང་དུའང་རིམས་ནད་འདི་བྱུང་། རྟའུ་ཡི་རིམས་ནད་འགོག་ཟོན་ཚོད་འཛིན་གྱི་དུས་བབ་ཛ་དྲག་ཆེ་བའི་དུས་སྐབས་སུ་གཉའ་རྒྱལ་མཚན་གྱིས་མ་སྐུལ་དང་བླངས་བྱས་ནས་ལས་ཡུལ་དང་པོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཞུགས་རྒྱུའི་རེ་བ་བཏོན་པ་རེད། ཁོང་གིས་སྣེ་ཁྲིད་པའི་རྟའུ་ཡི་རིམས་ནད་འགོག་བཅོས་ཀྱི་ཆེད་མཁས་སྨན་བཅོས་ལས་དོན་ཚོ་ཆུང་གིས་བོད་ཀྱི་གསོ་བ་རིག་པར་བརྟེན་ནས་རྟའུ་རིམས་ནད་འགོག་བཅོས་ལ་རོགས་རམ་བྱས་པར་བརྟེན། རྟའུ་རྫོང་གྲོང་དུ་གཅིག་སྡུད་ལོགས་སུ་བཀར་བའི་མི་སྣར་བོད་སྨན་སྤྲད་པ་དང་ཁྱིམ་སྡོད་ལོགས་བཀར་བྱེད་མཁན་ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག་ཚང་མར་ཡོངས་སུ་ཁྱབ་ཡོད་པ་རེད།

རིམས་ནད་ཀྱི་གནས་ཚུལ་ཐད་བྱས་རྗེས་ཆེན་པོ་བཞག་པའི་བོད་སྨན་དེའི་གལ་ཆེ་ཤོས་ནི་ཁུལ་བོད་སྨན་ཁང་གི་སྨན་རྫས་སྦྱོར་རྟ་ཁང་རེད། ཁུལ་བོད་སྨན་ཁང་གི་སྨན་རྫས་སྦྱོར་རྟ་ཁང་ནི་ཁུལ་བོད་ལུགས་གསོ་རིག་སྨན་རྫས་སྦྱོར་རྟ་ལྟེ་གནས་ཡིན་པས་འདི་གའི་སྨན་ཁང་དང་དེ་བཞིན་རྫོང་ཁག་གི་སྨན་རྩིས་ཁང་ལ་ནད་ཐོག་སྨན་བཅོས་ཀྱི་སྨན་མཁོ་འདོན་བྱེད་པའི་འགན་འཁྲི་ལྗིད་པོ་འཁུར་གྱིན་ཡོད་པ་རེད། གཉའ་རྒྱལ་མཚན་མཆོག་ཁུལ་བོད་སྨན་ཁང་དུ་ལས་ཀ་སྒྲུབ་པར་ཐོན་རྗེས་བོད་སྨན་ལས་སྣོན་བྱེད་པའི་ཐོན་སྐྱེད་བཟོ་རྩལ་དང“བཙོ་ཐལ”གྱི་བཙོ་སྦྱང་ལག་རྩལ་ཁོང་དུ་ཆུད་ནས་རྒྱལ་ཁབ་ནང་ཁུལ་དུ“རིན་ཆེན་བཙོ་ཐལ”གྱི་བཙོ་སྦྱང་ལག་རྩལ་ཁོང་དུ་ཆུད་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེད་མཁས་ཀྱི་གྲས་སུ་གྱུར་ཡོད།

“བཙོ་ཐལ”ལ་སྨན་གྱི་རྒྱལ་པོ་དང་བདུད་རྩི་ཞེས་བརྗོད་ཀྱི་ཡོད་ལ། དེ་ནི“རཏྣ་བསམ་འཕེལ”དང་“གྲང་སྦྱོར”“མང་སྦྱོར”སོགས་རྩ་ཆེའི་བོད་སྨན་དང་སྤྱིར་བཏང་བོད་སྨན“ཁ་ཚ”ཡི་ཕན་འབྲས་ཆེ་རུ་གཏོང་བའི་དགོས་ངེས་ཀྱི་རྒྱུ་ཆ་ཞིག་ཡིན་ཞིང་། དེ་ནི་བོད་སྨན་གྱི་མ་བཅོས་རྒྱུ་ཆའི་ཁྲོད་ཀྱི་རྩེར་སོན་རྒྱུ་ཆ་ཞིག་རེད། “བཙོ་ཐལ”བཙོ་སྦྱང་དུས་ཡུན་རིང་བ་དང་ལུས་ཤུགས་མང་བ། བཟོ་རྩལ་རྙོག་འཛིང་ཆེ་བ་བཅས་ཀྱི་དབང་གིས་བཙོ་སྦྱང་མི་སྣའི་དཀའ་སྤྱད་སྙིང་རུས་སོགས་ལས་བཀུར་སྙིང་སྟོབས་ཐད་བླང་བྱ་ནན་པོ་ཡོད་པ་རེད།ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་གཉའ་རྒྱལ་མཚན་རང་ཉིད་དངོས་སུ་ལག་ལེན་གསོ་སྦྱོང་ནང་ཞུགས་ནས་སྨན་ཁང་དང་གཞི་རིམ་གྱི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིར་ཆེད་ལས་ཤེས་ཡོན་པ་ཚན་པ་གཅིག་གསོ་སྐྱོང་བྱས་ཡོད།

བྲེལ་འཚུབ་ཆེ་བའི་ལས་ཀའི་བར་གསེང་དུ་གཉའ་རྒྱལ་མཚན་གྱིས་ཤེས་བྱ་གསར་པ་དང་ལག་རྩལ་གསར་པར་སློབ་སྦྱོང་ལ་བརྩོན་པ་ལྷུར་ལེན་དང་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མ་བཏང་ནས་རང་ཉིད་ཀྱི་ཆེད་ལས་རིགས་པའི་གཞུང་ལུགས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་རེད། 1998ལོ་ནས་བཟུང་སྔ་རྗེས་སུ་དཔྱད་རྩོམ20ལྷག་སྤེལ་བ་དང་རིག་གཞུང་དཔྱད་རྩོམ2པར་སྐྲུན་བྱས། 2013ལོར་རྒྱལ་ཁབ་རིམ་པའི་གསོ་རིག་དུས་དེབ《ཀྲུང་གོའི་བོད་ལུགས་གསོ་རིག》དུས་དེབ་ཁང་གིས་ཁོང་རྩོམ་སྒྲིག་པར་གདན་དྲངས། 2014ལོར་ཁོང་གིས་ཞིབ་འཇུག་གསར་སྤེལ་ནང་ཞུགས་པའི་རྒྱལ་ཁབ་ཀྱི་རིགས་གསུམ་པའི་ཀྲུང་ལུགས(བོད་སྨན)ཀྱི་སྨན་གསར་པར་རྒྱལ་ཁབ་ཀྱི་སྨན་གསར་པའི་ཐོབ་ཐང་ལག་ཁྱེར་རག་པ་རེད།

ད་བར་དུ་གཉའ་རྒྱལ་མཚན་ལ་བསྔགས་བརྗོད་སྣ་ཚོགས་ཐོབ་ཀྱང་གཟི་བརྗིད་མཚན་སྙན་གྱི་མདུན་དུ་གཉའ་རྒྱལ་མཚན་གྱིས་དེ་དག་ནི་ཁོང་གི་ལས་ཀར་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། བོད་ལུགས་གསོ་རིག་དང་བོད་སྨན་ལ་ཁས་ལེན་བྱས་པ་ཞིག་ཀྱང་རེད་ཅེས་བཤད། དེང་རབས་གསོ་རིག་གི་འདུ་ཤེས་གསར་འབྱེད་ཀྱི་སྙིང་སྟོབས་དང་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་རྒྱུན་འཛིན། སྔོན་ཐོན་གྱི་སྨན་བཅོས་བྱ་ཐབས་དང་ངོ་མཚར་ཆེ་བའི་བོད་ལུགས་གསོ་རིག་གི་གནའ་རྫས་དག་ཟུང་འབྲེལ་བྱེད་ཚེ་བོད་ལུགས་གསོ་རིག་དང་བོད་སྨན་དེ་ཚེ་སྲོག་ཚན་རིག་མཐོ་སར་སླེབས་ཏེ་བོད་ལུགས་གསོ་རིག་གི་འོད་ཟེར་རབ་ཏུ་འཕྲོ་བ་བྱ་རྒྱུ་ནི་ཁོང་གི་འདས་མ་ད་གསུམ་གྱི་འབད་འཐབ་བྱེད་པའི་དམིགས་ཡུལ་རེད། །

མིག་དམར་དོན་འགྲུབ་ཀྱིས་བྲིས། 


  • ལེ་ཚན་སྔོན་མ།:འགྱུར་མེད་ཚེ་རིང་གི“སྦྲག་ཟམ་མི་ཆད་པའི”མི་ཚེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།