ཨ་ཅེ་རྒྱང་ལ་མ་འགྲོ།

དབྱངས་ཅན་སྐྱབས།        2022-08-19

བྱིའུ་ཆུང་ཅག་ཅག་གིས་འཕུར་བའི་ཤུལ་དུ།།

ཚེ་རིང་ལྕང་ཤིང་ཁོང་མ་སྐྱོ་ཞུ་འོ།།

བརྗོད་མེད་ཕྱིར་མིག་གི་འོ་མའི་མཚོ་ལ།།

མ་བྲིས་རང་བྱུང་གི་ཞབས་ཕྱག་བཞག་སོང་།།

གཡུ་ཡི་རྣ་ཆ་དེ་གཏམ་རྒྱུད་ཅིག་རེད།།

སྐར་མའི་ཟམ་པ་དེ་དྲན་ཤིང་ཡིན་བཞག།

ཁྲེལ་གཞུང་ཕྱི་ཐག་གི་ཆུ་མིག་དྭངས་མོ།།

ང་ཡི་རྒྱང་གླུའི་ཁྲོད་གསན་པ་ཨེ་བྱུང་།།

རྐང་ཆུང་རླུང་ཁྲོད་ནས་ཕར་ལ་སྤོས་ན།།

ཆར་གྱི་གང་བུ་ཁོ་ཞེ་ལ་ཐོགས་ཡོང་།།

མ་རྙིང་ལང་ཚོ་ཡི་མངའ་ཐང་སྲུང་བའི།།

ཉེ་བའི་སེམས་པ་ཡིས་གཅིག་པུར་མ་འཇོག།

ནམ་ཞིག་ནགས་ཁྲོད་འདིའི་མེ་ཏོག་རེ་རེ།།

རྣམ་དག་སེམས་པ་ཡི་སྐལ་དུ་འཇོག་རོགས།།

མཐོན་པོའི་གྲགས་པ་དང་འབྱོར་ལ་རེ་བའི།།

འཁོས་ཆུང་འཚོ་བ་འདི་སྐྱོ་བ་ཡིན་ཤག།



  • ལེ་ཚན་སྔོན་མ།:མགུར་ཐུང་ཕྱེ་ལེབ་མགྲིན་གླུ།
  • ལེ་ཚན་རྗེས་མ།:རང་བཞེངས་དབྱངས་ཅན་རྒྱན་མདུད་མ།