ང་ཡི་ཨོ་ཡོ་རྒྱ་རིལ།

        2022-08-22

     དེ་ནི་ཤིན་ཏུ་འཁྱག་པའི་དགུན་དུས་ཀྱི་ཞོགས་པ་ཞིག་རེད། ཁ་བའི་འཚུབ་ཆ་དང་གྲང་ངར་གྱི་དབལ་ཁ་འཐབ་པའི་ཞོགས་པ་ཞིག་རེད། ང་ནི་ནམ་རྒྱུན་གཉིད་རྒྱུར་དགའ་བའི་མི་ཞིག་ཡིན། གཞན་པའི་རྐྱེན་དབང་རེ་མ་བྱུང་ཚེ། གནམ་གྱི་ཉི་མ་ཨོང་དོའི་མགོ་ལ་སེར་ལྟེམ་མེར་མ་ཕོག་གི་བར་དུ་ཉལ་འདུག་མཁན་གྱི་མི་ཞིག་ཡིན། དེ་ནི་ཡག་པོ་ཞིག་མིན་པ་ངས་ཀྱང་ཤེས་མོད། ང་ནི་དེ་འདྲ་གཉིད་རྐྱལ་ཞིག་ཡིན། དེ་དུས་ང་རང་དགེ་རྒན་གྱི་ཁྱིམ་དུ་ཡོད། ཁོང་གིས་ང་ལ་གཅེས་ཤིང་བྱམས་ནའང་། ང་རང་ཁོང་ལ་ཤིན་ཏུ་སྐྲག། ཁོང་ནི་ཐོད་ཀ་ལ་སྤུ་སྲབ་ཅིང་། མཁུར་མགོ་ལ་དམར་མདངས་དོད་པ། སྐུ་ཤ་ཨེན་ཙམ་རྒྱགས་པ་སོགས་བརྗིད་ཆགས་པོ་ཞེ་དྲག་ཡོད། ལྷག་ཏུ་ཨ་ཆོས་མཁན་པོའི་སྤྱན་ཤེལ་དང་འདྲ་བའི་དབྱིབས་གོར་མོ་ཅན་གྱི་རྡོ་ཤེལ་ནག་པོ་དེ་མནབས་དུས། གཤིན་རྗེ་ཆོས་རྒྱལ་ཟེར་བ་དེའང་འདི་ལས་འཇིགས་སུ་རུང་བ་ཞིག་ཅི་ཡོད་ཨང་སྙམ་པ་ཞིག་ཡོད། མ་མཐའ་ང་ཡི་སྣང་ངོ་ལ་ནི་དེ་འདྲ་ཞིག་ཡོད། ང་རང་དགེ་རྒན་གྱི་དྲུང་དུ་སྡོད་དུས། ཁོང་གི་གཤེ་གཤེ་དང་རྡུང་རྡེག་ལ་དོགས་ཏེ། མི་འདོད་ནའང་ནང་སྔ་མོར་བཙན་གྱིས་ལངས་དགོས་ཀྱིན་ཡོད། ཉིན་ཞིག་གི་ཐོ་རེངས། ང་རང་ཉལ་ས་གྲུ་བཞི་ནང་དུ་འགྲེ་ལྡོག་མང་ཙམ་བརྒྱབ་རྗེས་ཨུ་ཚུགས་ཀྱིས་མལ་ལས་ལྡང་སྟེ་གཉིད་མ་འཐོམ་གྱིས་ཕྱི་རོལ་ཏུ་གཅིན་པ་གཏོང་སར་སོང་། ཕྱི་རོལ་གྱི་འཇིག་རྟེན་ནི་ང་ཡི་ཉལ་ས་གྲུ་བཞི་དང་རྦད་དེ་མི་འདྲ་བར། ཁ་བ་དང་བུ་ཡུག་གིས་སྦྲེབས་ཤིང་། གྲང་འཁྱག་དང་སྡུག་བསྔལ་གྱིས་གཙེས་ནས་འདུག། གསལ་ལ་མི་གསལ་བའི་ངའི་མིག་མདུན་དུ། བལྟས་ཚོད་ལ་བེམ་རོ་ལྟར་འདུག་པའི་ཨོ་ཡོ་ཞིག་ལོག་འདུག། ང་རང་འཁྲིས་སུ་བཅར་དུས་ཤི་མ་གསོན་གྱི་ཨོ་ཡོ་དེས་འགུལ་སྐྱོད་མི་ཐུབ་ཀྱང་། ཁོའི་མིག་མདངས་ལས་གསལ་བོར་མཐོང་ཐུབ་པ་ནི་<སྲོག་སྐྱོབ་རོགས> ཞེས་པའི་ཉམས་དེ་རེད། ང་ལ་ཨོ་ཡོ་འདི་སྡུག་བསྔལ་བྲལ་ཞིང་བདེ་བ་ལྡན་ན་ཨང་སྙམ་པའི་སེམས་བྱུང་ཞིག་སྐྱེས་རྒྱུ་བྱུང་། དེ་ནི་སྙིང་རྗེ་ཟེར་བ་དེ་ཕལ་ཆེར་ཡིན་ཤས་ཆེ། འདི་ཨ་མའི་ཁ་ཏས་བསྐྱེད་པའི་མཇུག་འབྲས་ཀྱང་ཡིན་པ་འདྲ། མ་གཞི་ང་ནི་ཡིད་སྐྱོ་བའི་དོན་དང་འཕྲད་ཚེ་ངུ་ཁ་སྙི་ཞིང་མིག་མཐར་མཆི་མ་འཁོར་རྒྱུ་འོང་བས་བུད་མེད་ཅིག་གི་སེམས་དང་ཧ་ཅང་འདྲ། མཚམས་རེར་རང་གིས་རང་ལ་སྙིང་ལངས་ཀྱང་དེ་ནི་ངའི་གཉུག་གཤིས་སུ་གྲུབ་པས་བསྒྱུར་ཐབས་ཤིག་ལར་ནས་མི་འདུག། དེ་ལྟར་ང་རང་མིག་ཏུ་མཆི་མ་འཁོར་ཞིང་ཨོ་ཡོ་དེ་ཁྱིམ་ནང་དུ་ཁུར་ཏེ་མེ་ཐབ་ཀྱི་འགྲམ་དུ་གསོས་པས་འཆི་ཉེན་ལས་བསྐྱབས་ཐུབ་པ་བྱུང་། ངས་ནམ་རྒྱུན་རྒན་ལགས་མགུ་བའི་བྱ་བ་དེ་འདྲ་སྒྲུབ་མི་ཐུབ་ཀྱང་། ད་རེས་རྒན་ལགས་ཀྱང་ཨེན་ཙམ་མགུ་པོ་བྱུང་འདུག་པ་འདྲ། དེ་ནི་སློབ་མ་ཞིག་གི་ངོས་ནས་བཤད་ན་ཚོགས་བསགས་ཤིག་རེད་ཨང་། ཨོ་ཡོ་རྒྱ་རིལ་འཚར་ལོང་བྱུང་བའི་དུས་ཚོད་ཤིན་ཏུ་མགྱོགས། ངས་ཁོའི་རིགས་རུས་དང་ཆོ་འབྲང་མ་ངེས་ཀྱང་ཁོ་རང་འཚར་ལོངས་བྱུང་བའི་རྣམ་པ་ཡག་པོ་ནི་འབྲོག་ཁྱི་ཞིག་དང་འདྲ་ཞིང་། རྒྱ་བོ་མིག་བཞི་ཞིག་ཀྱང་ཡིན་པས་ང་རང་ཁོའི་བྱད་གཟུགས་ལ་ཧ་ཅང་དགའ། འབྲོག་ཁྱིའི་རྒྱུད་པ་ཞིག་ཡིན་ཡང་སྲིད། གང་ལྟར་ངས་ཁོའི་འབྱུང་ཁུངས་མི་ཤེས། ཤེས་དགོས་དོན་ཡང་མི་འདུག། ང་རང་དགེ་རྒན་གྱི་དྲུང་དུ་སྡོད་པའི་དུས་ཚོད་ཅུང་ཙམ་རིང་ཞིང་རྒན་ལགས་ཀྱང་ལས་ཚོགས་མང་པོར་འགྲོ་དགོས་པས་ཕལ་ཆེར་ང་རང་ཁེར་རྐྱང་ཡིན། ང་རང་འདི་ལ་ཞེ་དྲག་སུན་པོ་ཡོད། དེ་དུས་འཚར་ལོངས་བྱུང་བའི་དུས་ཚོད་ལ་ངང་སྒུག་ཆེན་པོ་བྱས་མྱོང་ནའང་། ད་ལྟ་ང་ལ་འཇིག་རྟེན་ཆོས་ཉིད་ཀྱི་རྒྱ་རུ་མ་ཚུད་པའི་རང་དབང་ཞིག་དང་དབང་སྒྱུར་གྱི་མཐུ་སྟོབས་ཤིག་ཡོད་ཚེ། ང་རང་བྱིས་དུས་ཀྱི་འཇིག་རྟེན་དུ་སླར་ལྡོག་པའི་ནེམ་ནུར་གཏན་ནས་མེད། འདི་ང་རང་གཅིག་པུའི་བསམ་ཚོར་ཡིན་མི་སྲིད་ཅིང་། ཁྱེད་ཅག་གིས་ཀྱང་འདི་ལྟར་དྲན་མྱོང་ཡོད་སྲིད། དེ་ནི་བྱིས་དུས་ཀྱི་འཇིག་རྟེན་ལ་ཕུགས་བསམ་གྱི་འདོད་ཧམ་མེད་ཅིང་། སེམས་ཁྲལ་གྱི་འདུ་ཤེས་མེད་པས་ཡིན་པ་འདྲ། དེ་དུས་ང་ལ་འགྲོ་རོགས་དང་རྩེད་རོགས་ཤིག་ཡོད་པ་ནི་ཨོ་ཡོ་རྒྱ་རིལ་ཡིན། ངེད་གཉིས་ལོ་ངོ་མང་པོར་མཉམ་འགྲོ་མཉམ་འདུག་གི་གྲོགས་སུ་གྱུར་ཞིང་ཕན་ཚུན་བར་ལ་འདང་བརྩེ་ཡང་ཧ་ཅང་ཟབ། ང་རང་ན་ཚོད་ཅུང་ཙམ་ཆེ་དུས་ཕུགས་བསམ་ཟེར་བའི་ནད་ཀྱིས་ཟིན་ཏེ། རྒྱང་རིང་རྒྱང་རིང་ལ་ཟུག་པའི་ལམ་སྣེ་རྡོག་པས་བཅད་ཅིང་ཁྲེས་པོ་རྒྱབ་ཏུ་ཁུར་ཏེ་ཆ་མེད་ཀྱི་ས་ཆ་ཞིག་ཏུ་བསྡད་དེ་སློབ་སྦྱོང་ལྟ་བུ་ཞིག་བགྱི་ཁུལ་བྱས། གཅིག་ན་སློབ་སྦྱོང་བྱེད་ཟེར་རྒྱུའང་མེད་པ་འདྲ་སྟེ། ད་ལྟ་ང་ལ་ཤེས་བྱ་ཅི་ཡང་མི་འདུག། ཨོ་ཡོ་རྒྱ་རིལ་ཡང་ཨ་ཞང་ཚང་གི་ལུག་ཁྱུར་བསྲུང་ཕྱིར་ངེད་ཚང་གི་ཁྱིམ་མཚེས་སུ་ཁྲིད་འདུག། ང་རང་ལོ་གཅིག་གི་ནང་དུ་ཕ་ཡུལ་ལ་ཐེངས་མ་གཅིག་དང་གཉིས་ལས་ཐོན་མི་སྲིད་ཀྱང་། ཐོན་མ་ཐག་ཏུ་རྔ་མ་གཡུགས་གཡུགས་དང་། མིག་ཟུང་ཟིམ་ཟིམ་གྱི་གནམ་རྡིབ་ས་རྡིབ་ཀྱིས་དགའ་འབོད་བྱེད་མཁན་ནི་ཨོ་ཡོ་རྒྱ་རིལ་རེད། ན་ནིང་གི་ཉིན་ཞིག་ལ་ང་རང་ཡུལ་དུ་འོངས་ཏེ་ཁྱིམ་དུ་སྡོད་སྐབས། ཨོ་ཡོ་རྒྱ་རིལ་ཅུང་ཟད་ན་ཡོད་པ་འདྲ་མོད། ཁོས་ང་རང་མཐོང་དུས་དྭངས་དྭངས་འདྲ་མོ་ཞིག་བྱེད་ཀྱིན་འདུག་པས་ངས་དོ་སྣང་དེ་ཙམ་མ་བྱས། ཉིན་དེའི་སྔ་དྲོར་ཨོ་ཡོ་རྒྱ་རིལ་ངེད་ཚང་གི་སྒོ་འགྲམ་ལ་ཡོང་སྟེ་འཆི་འདུག་པས་ང་རང་ཡིད་སྐྱོ་བོ་རང་བྱུང་། དེ་ལྟར་ཨོ་ཡོ་རྒྱ་རིལ་ངའི་རྩིབ་ནས་འཆི་ཉེན་ལས་ཐར་ཞིང་འཚར་ལོངས་ཀྱང་བྱུང་ཞིང་། སླར་ངའི་རྩིབ་ནས་གཤིན་ཡུལ་ལ་མྱུལ་བའི་ངང་ཚུལ་འདི་ལ་ཞིབ་ཏུ་བསམ་དུས། ཕལ་ཆེར་ངེད་གཉིས་ཀྱི་བར་ལ་ཚེ་སྔོན་གྱི་ལས་འབྲེལ་དམ་ཟབ་ཅིག་ཡོད་པ་འདྲ། ཁོ་རང་ངའི་ཚེ་སྔོན་གྱི་ཨ་ཕ་ཡིན་སྲིད་ལ། ང་རང་ཁོའི་བུ་ཕྲུག་གི་རྣམ་ཤེས་ཀྱང་ཡིན་སྲིད། ད་དེ་ཚོ་གླེང་ན་དོན་སྙིང་ཆེར་མི་འདུག། མདོར་ན་ཁོས་ང་ལ་བཅངས་བའི་བརྩེ་བ་དང་ལྷག་བསམ་ནི་གཉེན་ཉེ་འགའ་རེ་དང་། ནང་གྲོགས་འགའ་རེས་དོ་ཡ་གཏན་ནས་མི་འདུག། མ་གཞི་མི་ཡིའི་མཛའ་བརྩེས་ཁྱིའི་མཛའ་བརྩེའི་བརྟན་བརླིང་ལ་དོ་ཡ་མེད་པ་འདྲ། ངས་ནི་དེ་ལྟར་བསམས་སོང་།

རྩོམ་པ་པོ། རུ་ནང་ཡེ་ཤེས་འོད།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:དཀར་གསལ་ཟླ་བ་གོར་གོར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།