ཕྱི་རྟོག་འཁོར་ལོ་རང་འཁོར།

སྐལ་བཟང་ཉི་མ།        2022-09-01

གླིང་ཆེན་ཨེ་ཤའི་མཐིལ་ནས་གདོང་ལྔས་གད་རྒྱངས་ཀུན་ནས་སྒྲོག།

ཇོ་མོ་གླང་མའི་འདབས་ནས་བྱིན་ཆབ་ཁ་འབབ་རྣམ་བཞི་མཆེད།།

རྨ་རྒྱལ་སྦོམ་རའི་སྟོད་ནས་ལྷ་བསང་གསོལ་མཆོད་དི་རི་རི།།

མ་ཕམ་མཚོ་མོའི་ཀླུང་ནས་ཀླུ་རྒྱལ་གཙུག་ནའི་ནོར་གཏེར་འཕྱུར།།

སྤྲེའུ་བྱང་སེམས་བསྒོམས་ནས་བྲག་སྲིན་སྤྲ་མོའི་འདོད་ཐོག་བབ།།

ཕྱག་སྟོང་སྤྱན་སྟོང་བྱོན་ནས་སྤྲ་སྤྲེལ་གཉེན་སྟོན་མདོ་འཛིན་བྱས།།

རྩེད་ཐང་གུང་རིའི་ཞོལ་ནས་གདུང་དྲུག་མི་རྒྱུད་ཐང་མར་བརྡལ།།

མུ་ཁྱུད་གངས་རིའི་སླེ་ནས་ཁམས་གསུམ་བཀོད་པ་ལྷན་ཅིག་འདུས།།

གོ་ལ་མ་ཡུམ་ཁྲོ་ནས་འདྲེ་སྲིན་བདུད་བཙན་ཁམས་གསུམ་ཉུལ།།

ཡ་ཐོག་དང་པོའི་བློ་ནས་སྒྲུང་ལྡེའུ་བོན་གསུམ་གཏམ་རྒྱུད་སྙན།།

འོལ་མོ་ལུང་རིང་པང་ནས་སྟོན་པ་ལ་ནི་མི་བོ་ཆེ།།

ཐུགས་རྒྱུད་ནམ་མཁའི་དབྱིངས་ནས་བསྐལ་བ་དང་པོའི་བསྟན་པ་དར།།

ལྷ་རི་གྱང་ཐོའི་མཁྲིས་ནས་ལྷ་ཆེན་མི་ཡི་གར་བསྒྱུར་ཅིང་།།

གཤེན་རབ་བཅུ་གཉིས་གཉའ་ནས་ཁྲི་ཆེན་བཏེགས་ཤིང་རྗེ་ལ་བྱོན།།

བྱུང་བ་གནམ་གྱི་སྐས་ནས་བྱོན་པ་རྨུ་ཐག་གནམ་ལ་གཤེགས།།

ཡར་ཀླུང་གཙང་པོའི་མངལ་ནས་རྒྱལ་རྒྱུད་གསེར་གྱི་ཕྲེང་བ་འདྲེན།།

མཁན་སློབ་ཆོས་གསུལ་ཞལ་ནས་དམ་པའི་བསྟན་པ་གསེར་ཟམ་དྲངས།།

མེས་དབོན་རྣམ་གསུམ་བཀའ་ནས་ཐུ་བྷོད་སྙན་གྲགས་གླིང་ལ་གྲགས།།

བཀའ་གཙིགས་རྡོ་རིང་ཀླས་ནས་བློན་ཆེན་དྲིན་ཅན་མཚན་རྗེས་བརྐོས།།

གསུང་འབུམ་ལྷུན་པོའི་ངོས་ནས་འཇིག་རྟེན་འགྲིམས་ལམ་ནར་མ་འཐེན།།

ཆོས་འབྱུང་གསུང་རབ་གླིང་ནས་བཙན་པོ་གླང་མགོ་བསྟན་དགྲ་ཅན།།

ཁ་མཆུ་ནག་ཉེན་འོག་ནས་རྒྱལ་སྲིད་གཡས་གཡོན་རུ་གཉིས་གྱེས།།

རྒྱལ་སྲིད་མགོ་གཉིས་ཆད་ནས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག།

འདུལ་ཁྲིམས་རྨུ་གབ་ཤོར་ནས་ཆོས་ཁྲིམས་དར་གྱི་མདུད་པ་གྲོལ།།

སྲིན་ཡུལ་བྷང་གྷ་ལ་ནས་འཕགས་ཡུལ་དཔའ་ཆེན་ན་ལེནྡྲ།།

ཆོས་ཕྱིར་ཞབས་པད་བསྒྱུར་ནས་ལྷ་ཆེན་དཔལ་ལྡན་ཨ་ཏི་ཤ།།

ལོ་ཆེན་རིན་བཟང་དང་ནས་ཁུ་རྔོག་འབྲོམ་གསུམ་རིམ་པར་བྱོན།།

རྨ་གཡོ་གཙང་གསུམ་སོགས་ནས་བསྟན་པའི་མེ་རོ་ལྷམ་མེར་གསོས།།

ནང་སོག་རྩྭ་ཐང་སྟེང་ནས་རྟ་རྒོད་ཁྲོ་བའི་བང་ཆེན་བཤམས།།

རྒྱལ་ས་ཏ་ཀུའུ་ཡུལ་ནས་ཐུ་བྷོད་བླ་ཆེན་མགྲོན་ཤོག་བཏང་།།

ཆོས་བརྒྱུད་གྲུབ་མཐའ་སྟོང་ནས་ས་སྐྱ་པཎ་ཆེན་རང་གདན་དྲངས།།

ཁྲི་སྐོར་བཅུ་གསུམ་དང་ནས་ཆོལ་ཁ་གསུམ་ཀུན་ཕྱག་གིས་གཉོར།།

དུས་རབས་ཅན་བཞིའི་ཁབ་ནས་མི་རིགས་ང་དྲུག་ལག་རྡང་སྦྲེལ།།

ཚན་རིག་ལག་རྩལ་རྒྱུན་ནས་སྨྱན་བྱེད་གསར་བའི་ལམ་ལ་བསྐྱོད།།

བས་མཐའ་བསྐལ་བའི་མཇུག་ནས་ལུང་བསྟན་ཅི་ལྡན་སེམས་ལ་བསྙལ།།

ཉམས་པ་མེད་པ་འདི་ནས་རིགས་ལམ་གཞུང་ལམ་སྟེང་དུ་བསྒྱུར།།



  • ལེ་ཚན་སྔོན་མ།:དེ་རིང་། ཁོ་མོ་ཡང་བསྐྱར་དྲན་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།