དེ་རིང་། ཁོ་མོ་ཡང་བསྐྱར་དྲན་བྱུང་།

གསེར་རྐང་།        2022-09-01

—SGལ་ཕུལ་བ།

དེ་རིང་། མདོ་དབུས་མཐོ་སྒང་གི་འབྲོག་སྡེ་ཞིག་ནས།

འཁྱབ་སིབ་སིབ་ཀྱི་བསིལ་རླུང་འཇམ་པོས།

དལ་བྲེལ་མེད་པར་སྒེའུ་ཁུང་གི་ཧྲག་བར་དག་ལས།

འབྲི་མོའི་ངུར་སྒྲ་དང་ཁུ་བྱུག་གི་དྲུག་འགྱུར་དང་བསྡེབས་ནས།

འཁྱག་སིབ་སིབ་ཀྱི་སྐྱོ་གདུང་ཞིག་ཁུར་ཡོང་ནས།

ང་ཡི་སྙིང་ཆུང་བསྒུལ་བསྒུལ་བྱས་སོང་།

སྐྱོ་ལྷང་ལྷང་གི་ཁོ་བོས།

ཕྱི་རོལ་གྱི་ཆར་སྒྲར་རྣ་བ་བླགས་ཤིང་།

ཕྱིར་དྲན་ལ་བསྟབས་པའི་སྐྱོ་ངལ་གྱི་གཏིང་རིམ་ནས།

ཅི་ཞིག་ལུས་སོང་བ་དང་བོར་སོང་བའི་སྣང་བ་ཞིག

རང་དབང་མེད་པར་ཡ་ཆུང་ནང་ལ་འཁོར་ཡོང་།

ཏག་ཏག སྐབས་འདིར།

ཞེ་དུངས་དུངས་ཀྱི་སྨྲེང་སྐྱོའི་ཁུགས་སོ་རུ།

ཤག་ཤག་ཏུ་འབབ་པའི་ཆར་བའི་ཤག་སྒྲ་ནི།

ངས་ཁྱོད་རང་དྲན་པའི་གདུང་བ་ཁོ་ནར་གྲུབ།

ཡིད་འགྱུ་དེས་དགབ་ཡོང་བའི་སེམས་བསྐྱེད་ལས།

དགོན་མཐའི་སྡེ་ལུང་ཆུང་ཆུང་དེ་དྲན་ཡོང་།

རྫ་རི་སྨུག་པོ་དེར་བཀྲམ་པའི་ནོར་ཁྱུ་དག་དྲན་ཡོང་།

གྱ་གྱུར་བསྲིངས་པའི་རྫ་ལམ་ཕྲ་མོ་དེ་དྲན་ཡོང་།

སོལ་བས་བྲིས་པའི་འཕྲིན་ཡིག་ཅིག་དྲན་ཡོང་།

ད་དུང་། ཆུ་མོ་དེ་དང་རི་བོ་དེ། སྤང་ཐང་དང་ནགས་ཚལ།

མེ་ཏོག་དང་སྐྲ་ལོ། ཕྱེ་ལེབ་དང་བུང་བ།

ཁུ་བྱུག་དང་འཇོལ་མོ། དགོད་སྒྲ་དང་ལ་གཞས་སོགས་ཀྱང་།

བྱང་ཁོག་སྟོད་སྨད་ནས་སྨུག་པ་བཞིན་ལྡང་ཡོང་།

སྐྲ་འདབས་དཀར་པོར་མ་གྱུར་བའི་སྔ་རོལ་ཏུ།

དྲན་པའི་ཡང་སྙིང་འདི་ལྟར་ལྷིང་འཇགས་སྒོས་དཀྲོལ་དགོས།

འདི་དག་ནི། ངའི་སེམས་ཀྱི་དབྱངས་འགྲོས་ཏེ།

དེ་རིང་གི་འཁྱག་སིབ་སིབ་ཀྱི་ཆར་སྒྲ་ཇི་བཞིན།

རྒྱང་རིང་གི་ཁྱོད་ཀྱིས་གསན་བྱུང་ངམ།



  • ལེ་ཚན་སྔོན་མ།:འབྲོག་མོ་མེ་ཏོག
  • ལེ་ཚན་རྗེས་མ།:ཕྱི་རྟོག་འཁོར་ལོ་རང་འཁོར།