ཧྲེན་དབྱང་གིས་དར་མདོ་དང་རོང་བྲག། རྟའུ་བཅས་རྫོང་དུ་བརྟག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-08-31

ཧྲེན་དབྱང་གིས་དར་མདོ་དང་རོང་བྲག། རྟའུ་བཅས་རྫོང་དུ་བརྟག་ཞིབ་གནང་།
འདི་ནི་ཧྲེན་དབྱང་གིས་རོང་བྲག་རྫོང་གི་དམུ་རྡོ་རི་གྲོང་རྡལ་གྱི་མེ་ལུང་ལུང་པའི་ཆུ་ལོག་བྱུང་རྗེས་ཀྱི་སྐྱར་འཛུགས་ཉམས་གསོ་བྱེད་གནས་སུ་མང་ཚོགས་གནོད་འགོག་གནས་སྤོས་བྱས་ཚུལ་ལ་རྒྱུས་ལོན་གནང་བཞིན་པའི་ཚུལ་རེད།

      སྤྱི་ཟླ8པའི་ཚེས24ནས25ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་དར་མདོ་གྲོང་ཁྱེར་དང་རོང་བྲག་རྫོང་། རྟའུ་རྫོང་བཅས་ཀྱིས་འབྲུབ་འགོག་གེགས་སེལ་དང་། ཐན་འགོག་ཁ་གསབ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ། ཁོང་གིས་ཆུ་འབྲུབ་དུས་སུ་གཙོ་བོ་ནས་བཟུང་ཁུལ་ཡོངས་སུ་རྒྱུན་མཐུད་ངང་དྲོད་ཚད་མཐོ་ལ་ཐན་པ་བྱུང་བ་དང་། ཆར་ཆུ་འབབ་པའི་དུས་དང་བར་སྟོང་དོ་སྙོམས་མེད་ལ། འབྲུབ་འགོག་དང་ཐན་འགོག་གི་དུས་བབ་ཧ་ཅང་ཛ་དྲག་པོ་ཡིན་པས། རིམ་པ་ཁག་དང་སྡེ་ཁག་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་དང་གནོད་སེལ་རྒུད་སྐྱོབ་བཅས་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་གཙོ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི་འགན་འཁྲིའི་བསམ་པ་དང་ཉེན་ཁའི་བསམ་པ་བཅངས་ནས་དོགས་ཟོན་ཚད་མཐོན་པོ་དང་ཁྱོན་ཡོངས་ནས་དོགས་ཟོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཆུ་འབྲུབ་དུས་ཀྱི་ཐན་འགོག་གི་གནས་ཚུལ་དང་གནོད་འཚེ་འགོག་ཟོན་བྱེད་པ་དང་ཐན་ཞོད་མྱུར་སྒྱུར་ལ་དོགས་ཟོན་ནན་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་གསུངས་པ་རེད།

      དར་མདོ་གྲོང་ཁྱེར་གྱི་ཁྲང་ཧོ་པ་ཆུ་གློག་ས་ཚུགས་ཀྱི་ཆུ་མཛོད་དང་སྤྲེའུ་གནས་བྲག་གི་ཆུ་གློག་ས་ཚུགས་ཀྱི་ཆུ་རགས་སུ་ཧྲེན་དབྱང་གི་ཡུལ་དངོས་སུ་ཆུ་ཁ་འགྱུར་ལྡོག་བྱུང་ཚུལ་ལ་ལྟ་ཞིབ་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཆུ་གསོག་ཆུ་གསབ། གློག་ཤུགས་མཁོ་འདོན། ཐོན་སྐྱེད་ཉེན་མེད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ་མིག་སྔའི་དུས་བབ་ལ་ཐུན་མོང་ཐོག་ཞིབ་འཇུག་དང་བརྡར་ཤ་བཅད་པས་མ་ཚད་ཁ་གཏད་གཅོག་ཐབས་བཀོད་སྒྲིག་མཛདཔ་རེད། དེའི་རྗེས་ཧྲན་དབྱང་ད་དུང་རོང་བྲག་རྫོང་གི་དགུ་རྫོང་གྲོང་རྡལ་གྱི་གནས་སྤོའི་ཡུལ་མི་བཀོད་སྒྲིག་ས་ཚུགས་སུ་ཕེབས་ནས་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་དང་གནས་སྤོའི་ཡུལ་མིའི་རེ་ཞུ་ལ་གསན་འཇོག་གནང་ནས་ཆུ་གློག་ཁེ་ལས་ལ་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ནས་གཞུང་ཁོངས་ཁེ་ལས་ཀྱི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་བྱས་ཏེ་གནས་སྤོས་ཡུལ་མིའི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་བ་དང་གཞུང་ལམ་འཛུགས་སྐྲུན་གྱི་སྤུས་ཚད་ལེགས་སུ་གཏོང་བ་སོགས་དམངས་འཚོའི་ལས་གཞིའི་ཐད་ནུས་པ་དེ་བས་ཆེན་པོ་འདོན་དགོས་ཞེས་བཀའ་བཅོལ་གནང་བ་རེད།

       བརྟག་ཞིབ་གནང་རིང་། ཧྲེན་དབྱང་དར་མདོ་རྫོང་གི་འཁོབ་ཡུལ་ཡུལ་ཤོག་རྨོས་ཡུལ་གྲོང་སྡེ་དང་རོང་བྲག་རྫོང་དགེ་བཤེས་རྩ་གྲོང་རྡལ་གྱི་སྦུ་ཁོག་གྲོང་སྡེ། རྟའུ་རྫོང་གི་ཤར་རོང་ཡུལ་ཤོག་བོད་དམག་གྲོང་སྡེ་སོགས་ས་གནས་ལ་ཡུལ་དེ་གའི་ཐན་འགོག་ཐོན་འབབ་འགན་ལེན་བྱས་ཚུལ་ངོ་སྤྲད་བྱས་པར་གསན་འཇོག་གནང་རྗེས་ཞིང་མུ་ཁར་ཞིང་ལས་ལོ་ཏོག་སྐྱེ་ཚུལ་སྐོར་གཟིགས་གནང་ཞིང་། ནས་དང་མ་རྨོས་ལོ་ཏོག་ཐོན་འབབ་རྒྱུས་ལོན་ཞིབ་ཕྲ་བླངས་པ་རེད། ཧྲེན་དབྱང་ད་དུང་རོང་བྲག་རྫོང་གི་དམུ་རྡོ་རི་གྲོང་རྡལ་གྱི་མེ་ལུང་ལུང་པར་ཆུ་ལོག་དང་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཐེབས་རྗེས་ཀྱི་ཉམས་གསོ་སྐྱར་འཛུགས་བྱེད་གནས་དང་དགེ་བཤེས་རྩ་གྲོང་རྡལ་གྱི་དབྱང་ལིའུ་ཕིང་སར་བྲག་ལོགས་པའི་ཉེན་ཁ་ཆེ་སར་ཕེབས་ནས་ཡུལ་དངོས་སུ་ས་གཤིས་གནོད་འཚེ་བཅོས་སྐྱོང་གྲུབ་ཚུལ་དང་ཡུལ་དེ་གའི་གནས་སྤོས་ཡུལ་མི་བཀོད་སྒྲིག་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།

        བརྟག་ཞིབ་བྱེད་རིང་ཧྲེན་དབྱང་གིས་ཉིན་ཤས་བསྟུད་མར་ཞིང་ཆེན་ནང་ཁུལ་གྱི་ས་ཆ་མང་པོར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐེངས་མང་ཐེབས་ཡོད་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་མེ་ཟོན་གྱི་རྩ་བ་དེ་དམ་པོར་བཟུང་ནས་འགན་ལེན་འགན་འཁྲི་དང་ནགས་ཚལ་གྱི་འགན་འཁྲིར་འགན་ལེན་ཏན་ཏིག་བྱས་ཏེ་མངོན་མེད་རྐྱེན་ངན་ཚགས་བཤེར་དང་། མེའི་ཐོན་ཁུངས་དོ་དམ། དྲིལ་བསྒྲགས་སློབ་གསོ། དཔུང་སྡེ་སྦྱོང་བརྡར་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་དམ་འཛིན་བྱས་ནས་རི་སྒོ་བརྟན་སྲུང་དང་། མི་ལ་ཟབ་སྲུང་། མེ་ལ་དོ་དམ་བཅས་མཐའ་གཅིག་ཏུ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་གྱི་ཆེད་དོན་བཅོས་སྒྲིག་གྲུབ་འབྲས་སྔར་བས་བརྟན་དུ་གཏང་དགོས་ཞེས་ཡང་ནས་ཡང་དུ་གསུངས། དར་མདོ་གྲོང་ཁྱེར་དུ་ད་ལྟར་སྐྲུན་བཞིན་པའི་གྲུ་ཤག་སྨན་ཁང་དང་རྟའུ་རྫོང་གི་ཤར་རོང་ཡུལ་ཤོག་ཤར་རོང་དགོན་དུ་བརྟག་ཞིབ་གནང་སྐབས། ཧྲེན་དབྱང་གིས་མིག་སྔར་མཐའ་འཁོར་ས་ཁུལ་དུ་རིམས་ནད་ཐོན་ཚབས་ཆེན་པོ་ཡིན་ཕྱིར་། ཕྱི་ཕྱོགས་ནས་ཁྱབ་མཆེད་ཡོང་བའི་གནོན་ཤུགས་ཅུང་ཆེན་པོ་ཡོད་པས། ས་གནས་ཁག་དང་སྡེ་ཚན་སོ་སོས་བསྟུད་མར་དམག་འཐབ་རྒྱག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་རྒྱུན་རྣམ་ཅན་གྱི་ནད་ཡམས་འགོག་ཟོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་འབྲོག་ཁུལ་དང་དགོན་སྡེ་སོགས་ས་ཁོངས་ཀྱི་འགོག་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་པ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བརྟན་བརླིང་དང་གོ་རིམ་ལྡན་པ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་བཅས་ཡོང་རྒྱུ་འགན་ལེན་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཏོག་གསར་གློ་ཚད་སྐོར་གྱི་སྤྱི་བསྒྲགས་ཨང22པ་བཏང་།
  • ལེ་ཚན་རྗེས་མ།: ཁུལ་ཨུའི་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་གྱི་མགོ་ཁྲིད་ཚོ་ཆུང་དང་གཉིས་བཀུར་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།