གཡང་གཟར་ལམ་ཕྲང་བདེ་བགྲོད་ལམ་ཆེན་དུ་བསྒྱུར།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-08-29

གངས་ལྗོངས་མཐོ་སྒང་ཐོག་ལོ་བཅུའི་འགྲུམ་འགྲིལ་འགྱུར་ལྡོག་གྱི་གནས་ཚུལ་རགས་བཀོད།

གཡང་གཟར་ལམ་ཕྲང་བདེ་བགྲོད་ལམ་ཆེན་དུ་བསྒྱུར།

གངས་ལྗོངས་མཐོ་སྒང་གི་གངས་རི་ནི་མུ་ཏིག་ཕྲེང་བ་ལྟར་བསྒྲིགས་ཤིང་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དྲག་པས་ནམ་ཡང་ཆད་རྒྱུ་ཡོད་ལེ་མ་རེད། བོད་ལྗོངས་ཀྱི་ས་ཁྲའི་ཁ་ཕྱེས་ནས་བལྟས་ཚེ། འཛམ་གླིང་ཡང་རྩེ་ཞེས་མཚན་སྙན་ཡོད་པའི་བོད་ལྗོངས་ཀྱི་རི་ཆུའི་བཀོད་པ་མཐའ་ཡས་ལ་རྙོག་འཛིང་ཆེ་བའི་ས་གཤིས་དེས་མི་སེམས་རང་དབང་མེད་པར་བཀུག།

དེ་ལས་ཀྱང་ཧ་ལས་དགོས་པ་ཤིག་ནི་རྙོག་འཛིང་ཆེ་བའི་ས་གཤིས་ཐོག་ཏུ་བསྐྲུན་པའི་ཞིབ་ཚགས་ལྡན་པའི་འགྲིམ་འགྲུལ་དྲ་བ་སྟེ། མེ་ཏོག་རྫོང་དུ་གཞུང་ལམ་ཐར་ནས་ལྷ་ས་ཡིས་ལྟེ་གནས་བྱས་པའི་རིམ་མཐོའི་གཞུང་ལམ་དྲ་བ་མགྱོགས་མྱུར་དུ་ཆགས་ཤིང་། བསྐྱར་དར་རྟགས་ཅན་ཐེངས་དང་པོར་མཐོ་སྒང་དུ་བསྐྱོད་པ་དང་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐངT3གྱི་བབས་ཚུགས་དངོས་སུ་སྤྱོད་འགོ་ཚུགས་པ་བཅས་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ནས་མཐུན་སྒྲིལ་དང་བདེ་སྐྱིད་ཀྱི་ལམ་བུ་དག་གངས་ལྗོངས་མཐོ་སྒང་དུ་ཁྱབ་པས། འགྲིམ་འགྲུལ་གྱི་ངོ་མཚར་ཟམ་མི་ཆད་པར་བཏོད་དེ་མཐོ་སྒང་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་བསྩལ།

ལོ་བཅུ་ལ་མཁའ་ལམ་མགྱོགས་མྱུར་རིང་དུ་བསྲིངས།

བསྟུད་མར་འབྲེལ་བའི་གཡང་གཟར་གྱི་རི་བོའི་བར་དུ་རླངས་འཁོར་དག་ཟམ་ཆེན་དང་ཕུག་ལམ་བརྒྱུད་ནས་དེ་སྔོན་ཉེན་ཁ་ཆེ་བའི་ཐང་སྨད་དང་གཏན་དུ་བྲལ།

ཁྲོན་བོད་གཞུང་ལམ་དུ་ཐེངས་མང་འགྲོ་མྱོང་བའི་ཁ་ལོ་བ་ཕུན་ཚོགས་ཀྱིས་ཐང་སྨད་ནི་ཁ་ལོ་བ་མང་པོ་སེམས་ཁྲལ་ཆེས་ཆེ་བའི་ལམ་ཞིག་ཡིན་པ་རེད་ཅེས་བཤད།

འཛམ་གླིང་གི་འདམ་རྡོའི་ཆུ་རུད་འདུས་ཚོགས་ཨང་གཉིས་པ་ཡིན་པའི་ཁྲོན་བོད་གཞུང་ལམ་ཐང་སྨད་ལམ་དུམ་དུ། ལོ་རེར་ས་གཤིས་གནོད་སྐྱོན་ཐེངས300ལྷག་འབྱུང་བ་དང་ས་ཆ་མང་པོའི་ལམ་ཞེང་ཆུང་བའི་རྐྱེན་གྱིས་རླངས་འཁོར་གཅིག་གཤིབ་མ་གཏོགས་ཐར་ལེ་མ་རེད། གཟབ་ནན་མ་བྱས་ཚེ་རླངས་འཁོར་དང་མི་གཡང་གཟར་དུ་ལྷུང་ཉེན་ཆེ་བས་དེར་གཤིན་རྗེའི་ལམ་བུ་ཞེས་པའི་མིང་ཐོགས།

ཐང་སྨད་གཞུང་ལམ་བཅོས་སྐྱོང་བྱས་ནས་རང་བྱུང་འགག་སྒོ་གཏོར་རྒྱུ་ནི་ཕན་ཚུན་འགྲོ་སྐྱོད་དུམ་བུ་ཚོའི་ཕུགས་འདུན་ཞིག་ཏུ་གྱུར།

2012ལོར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར15ཙམ་བཏང་ནས་ཐང་སྨད་ཀྱི་གཞུང་ལམ་དུམ་བུ་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས། 2016ལོར་རླངས་འཁོར་ཤར་གཏོང་ཐུབ་རྗེས་རིང་ཚད་བསྡོམས་འབོར་སྤྱི་ལེ14ལ་ཟིན་པའི་ཐང་སྨད་རང་བྱུང་འགག་སྒོ་དེ་ལོ་རྒྱུས་སུ་གྱུར་ནས་ཤར་བགྲོད་དུས་ཡུན་སྔོན་ཆད་ཆུ་ཚོད2ལྷག་ཙམ་འགོར་བ་ནས་ད་ལྟ་སྐར་མ20ཡི་ནང་སླེབས་ཐུབ་པའི་རྣམ་པ་མངོན་དུ་གྱུར།

དུས་རབས་གསར་པའི་བོད་ལྗོངས་ཀྱི་འགྱུར་ལྡོག་ལས་མཚོན་བྱེད་ལྡན་པའི་འགྲིམ་འགྲུལ་འགྱུར་ལྡོག།

2014ལོར་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ།

2019ལོར་འཛམ་གླིང་ཐོག་ས་བབ་ཆེས་མཐོ་ཤོས་ཀྱི་གཞུང་ལམ་ཕུག་ལམ་སྟེ། བར་ལའི་ཕུག་ལམ་བསྐྲུན་པ་དེས་ལམ་ཐག་ཧྲིལ་པོར་སྤྱི་ལེ400ལྷག་ཙམ་ཡོད་པའི་ཉིང་ཁྲི་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་མཚོན།

2021ལོར་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་གངས་ལྗོངས་མཐོ་སྒང་བསྐྱར་དར་རྟགས་ཅན་གྱི་དུས་རབས་སུ་སླེབས། དེས་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས31ཡོངས་སུ་ཁྱབ་པ་མཚོན།

2021ལོར་བོད་ལྗོངས་གནམ་གྲུ་ཐང་བབས་ཚུགས་ཀྱི་ཐོག་ཁང་ཆེས་ཆེ་ཤོས་དང་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་གི་ཐངT3གྱི་བབས་ཚུགས་ཐོག་ཁང་སྤྱོད་འགོ་ཚུགས་པ་དེས་གནམ་གྲུ་ཐང་གི་ཞབས་ཞུའི་འགན་ལེན་ཆུ་ཚད་དང་སྐྱེལ་འདྲེན་ཐེག་ནུས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ་མཚོན།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཞུས་ཝུན་ཆང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུ་ནི་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་མགྱོགས་ཤོས་དང་ཡག་ཤོས་ཀྱི་ལོ་བཅུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

-2012ལོ་ནས་ད་ལོའི་སྤྱི་ཟླ་དྲུག་པའི་ཟླ་མཇུག་བར། རིམ་རྩིས་བྱས་པ་ལྟར་ན་བོད་ལྗོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར3399.49བཏང་ཡོད། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་འཇོག་བྱས་པ་དེས་རང་སྐྱོང་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་འཇོག་བྱས་པའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་ལ་ཟིན་ཡོད་པ་རེད།

-གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ་ཁྲི6.52ནས་སྤྱི་ལེ་ཁྲི12.07གྱི་ཐོག་འཕར་བ་དང་རིམ་པ་མཐོ་བའི(མྱུར་བགྲོད་གཞུང་ལམ)གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་རིང་ཚད་བསྡོམས་འབོར་སྤྱི་ལེ38ནས་སྤྱི་ལེ1105ཡི་ཐོག་འཕར་ཡོད་པ་རེད།

-ཡུལ་ཤོག་དང་གྲོང་རྡལ375དང་སྒྲིག་གཞི་ཚང་བའི་གྲོང་སྡེ3479ཡི་གཞུང་ལམ་ཐར་བའི་གནད་དོན་ཐག་གཅོད་བྱས་ནས་ཡུལ་ཤོག་དང་གྲོང་རྡལ། སྒྲིག་གཞི་ཚང་བའི་གྲོང་སྡེར་གཞུང་ལམ་ཐར་ཚད་ཁག་བགོས་ནས་བརྒྱ་ཆ94.4དང་བརྒྱ་ཆ77.89ལ་ཟིན་པ་རེད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་མཇུག་ལ་སླེབས་དུ་ཁག་བགོས་ནས་བརྒྱ་ཆའི་གྲངས53.5དང63.6འཕར་ཐུབ་རྒྱུ་ཡིན་པ་རེད།

མཁའ་ལམ་གྱིས་མཛེས་སྡུག་ལྡན་པའི་འཚོ་བ་བསྩལ།

རི་བོ་མཐོ་བ་དང་གཡང་གཟར་ཡིན་པའི་སར་འཚོ་གནས་བྱེད་བཞིན་པའི་མི་སེར་ཚོས་ངོས་ནས་བཤད་ན་གཞུང་ལམ་ལ་གཞན་དང་མི་འདྲར་བའི་བརྩེ་འདང་ཞིག་དང་ངེས་གཟུང་ཞིག་ཡོད།

ལོ་ན59ལ་ལོན་པའི་བྱམས་དགས་དེ་སྔོན་ལོ་མང་རིང་སྒལ་པ་བྱས་པས་ཕ་ཡུལ་མེ་ཏོག་རྫོང་གི་གཞུང་ལམ་ལ་རྡོ་བརྐོས་རི་མོ་འདྲ་བའི་དྲན་ཤེས་ཤིག་བཞག་ཡོད། 2013ལོའི་སྔོན་ལ་རི་ཁུལ་དུ་ཆགས་ཡོད་པའི་མེ་ཏོག་རྫོང་ལ་གཞུང་ལམ་མེད་རྐྱེན་དངོས་ཟོག་གལ་ཆེན་རྣམས་མིས་ཁུར་བ་དང་རྟ་ལ་བཀལ་ནས་དབོར་འདྲེན་བྱ་དགོས་པ་རེད།

བྱམས་དགས་ཕྱིར་དྲན་བྱེད་བཞིན་དུ་ཕར་འགྲོ་ཚུར་འོང་ཐེངས་རེར་ཉིན་བདུན་འགོར་གྱི་ཡོད། ཐེངས་ཤིག་མི་ཞིག་ལ་གློ་བུར་དུ་ནད་གཞི་ལྕི་མོ་ཕོག་པས་ང་དང་ལས་རོགས་མི་བཅུ་ལྷག་ཙམ་གྱིས་རེས་མོས་བྱས་ནས་ནད་པ་འཁུར་ནས་མེ་ཏོག་རྫོང་ནས་བུད། ལམ་བར་དུ་གངས་རི་བརྒྱུད་དགོས་རྐྱེན་དཀའ་ངལ་ཧ་ཅང་ཆེ་ཞེས་བཤད།

དུས་རབས20པའི་ལོ་རབས60པ་ནས་བཟུང་། སྲིད་གཞུང་གིས་མ་དངུལ་ཐེངས་མང་བཏང་ནས་མེ་ཏོག་རྫོང་དུ་ཐར་བའི་གཞུང་ལམ་བསྐྲུན་ཡོད། འོན་ཀྱང་ས་གཤིས་གྲུབ་ཆ་རྙོག་འཛིང་ཆེ་བ་དང་རང་བྱུང་གནོད་འཚེ་ཡང་ཡང་འབྱུང་རྐྱེན་ཐེངས་མང་བསྐྲུན་ཀྱང་ཞིག། 2013ལོའི་སྤྱི་ཟླ10པའི་ཚེས31ཉིན། རིང་ཚད་བསྡོམས་འབོར་སྤྱི་ལེ117ལ་ཟིན་པའི་མེ་ཏོག་རྫོང་གི་གཞུང་ལམ་གཞི་ནས་ཤར་གཏོང་ཐུབ་ཡོད།

བྱམས་དགའ་དུས་དེ་ནས་བཟུང་དོས་པོ་དབོར་མཁན་བྱེད་མ་དགོས་པས། སྔོན་ཆད་ལམ་བར་དུ་འཕྲད་པའི་དཀའ་ངལ་དག་ལོ་རྒྱུས་སུ་གྱུར། མེ་ཏོག་རྫོང་ལ་རླངས་འཁོར་ཤར་གཏོང་ཐུབ་རྗེས་དོས་པོ་དབོར་མཁན་མི་ཉུང་བ་ཞིག་གིས་དོས་སྐྱེལ་རླངས་འཁོར་དང་རྐོ་འདྲུ་འཕྲུལ་འཁོར་སོགས་ཉོས་ནས་སྐྱེལ་འདྲེན་དང་འཛུགས་སྐྲུན་ལས་རིགས་ནང་ཞུགས་པས་ཁོ་ཚོའི་ལས་རིགས་ལ་འགྱུར་ལྡོག་བྱུང་ནས་འབབ་འཕར་བྱུང་།

མེ་ཏོག་རྫོང་ཨུའི་ཧྲུའུ་ཅི་ཝུའེ་ཁྲང་ཆི་ཡིས་གཞུང་ལམ་ཤར་གཏོང་ཐུབ་པ་དེས་མེ་ཏོག་རྫོང་མི་དམངས་ཀྱི་ཕྱིར་སྨན་བཅོས་བྱེད་ས་དང་སློབ་གྲྭར་འགྲོ་སྐབས་སྟབས་བདེ་པོར་གྱུར་པས་མ་ཚད། ས་གནས་དེ་གའི་དམངས་འཚོ་དང་འཛུགས་སྐྲུན་ལ་མཁོ་བའི་དངོས་ཟོག་འགན་སྲུང་བྱེད་ཐུབ་པ་རེད་ཅེས་བཤད་པ་རེད།

ད་ཆར་ཞིང་འབྲོག་མང་ཚོགས་མང་པོའི་འགྲོ་སྐྱོད་ཀྱི་དཀའ་གནད་བསལ་བ་དང་འགྲོ་སྐྱོད་ཧ་ཅང་དཀའ་བའི་ཡུལ་མཐའ་ཡི་གྲོང་སྡེ་ལ་ཡང་གཞུང་ལམ་ཤར་གཏོང་ཐུབ་པས་མཐོ་སྒང་གི་འགྲོ་སྐྱོད་ལ་སྔར་ལས་སྟབས་བདེ་བྱུང་།

2021ལོར་འཛམ་གླིང་ཐོག་མཚོ་འཕགས་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་སྟེ་བོད་ལྗོངས་ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་དང་ལྷ་ས་ནས་ནག་ཆུ་བར་གྱི་འགྲོ་སྐྱོད་ཆུ་ཚོད་སྔོན་ཆད་ཀྱི་ཆུ་ཚོད6ལྷག་ཙམ་ནས་ད་ལྟ་ཆུ་ཚོད3བར་ཐུང་དུ་ཕྱིན་ཡོད།

བོད་ལྗོངས་མངའ་རིས་སུ་ལས་ཀ་ལོ20ལྷག་ཙམ་བསྒྲུབས་པའི་ཡོན་ཡུང་གིས2003ལོར་ཕ་ཡུལ་ཧྲན་ཤིས་ལ་ཐེངས་དང་པོར་ལོག་ནས་ལོ་གསར་རོལ་རྒྱུ་དེ་བློ་ལ་གསལ་བོར་འཆར། ཁོ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྡད་དེ་ཞིན་བོད་ཀྱི་ལམ་ཐིག་བརྒྱུད་ནས་ཤིན་ཅང་ལྷོ་ནུབ་ཀྱི་ཡེ་ཁྲེང་དུ་འབྱོར་བ་དང་། དེ་ནས་མེ་འཁོར་ལ་བསྡད་དེ་ཝུའུ་ལུའུ་མུའུ་ཆི་བར་བསྐྱོད་ནས་ཤིས་ཨན་དུ་སླེབས། ཉིན་བརྒྱད་ཀྱི་དུས་ཚོད་བརྒྱུད་ནས་ད་གཟོད་ཕ་ཡུལ་དུ་སླེབས།

2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ལྷ་ས་ནས་མངའ་རིས་བར་གྱི་མཁའ་ལམ2010ལོར་དངོས་སུ་ཤར་གཏོང་ཐུབ། ཡོན་ཡུང་གི་ཕ་ཡུལ་དུ་ལོག་པའི་ལམ་བུ་ཡང་མཁའ་ལམ་བརྒྱུད་ནས་འགྲོ་བཞིན་ཡོད་ལ། གནམ་གྲུར་བསྡད་ནས་འགྲོ་སྐྱོད་བྱེད་ཐེངས་ཧྲིལ་པོ་ཆུ་ཚོད10ལས་མི་བརྒལ་བ་རེད།

ད་ཆར་བོད་ལྗོངས་དུ་གནམ་གྲུ་ཐང5དང་མཁའ་ལམ150ཡོད་པ་དང་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར68ལ་ཤར་གཏོང་ཐུབ་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་བོད་ལྗོངས་ཀྱིས་ཡན་ལག་གནམ་གྲུ་ཐང3བསྐྲུན་རྒྱུ་དང་ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་རྒྱུག་ལམ་གཉིས་པའང་སྐྲུན་འགོ་ཚུགས་རྒྱུ་རེད།

མཁའ་ལམ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འཕོ་འགྱུར་བྱུང་།

“ངས་ད་ལྟ་གྱོན་པའི་གྱོན་ཆས་ཚང་མ་དྲྭ་ཐོག་ནས་ཉོས་པ་ཤ་སྟག་ཡིན་པས་རིན་གོང་དེ་བས་ཁེ་བར་མ་ཟད།ད་དུང་ཚད་ལྡན་ཞིག་ཀྱང་རེད”ཅེས་ལོ27ལ་ལོན་པའི་གྲོང་མི་བསྟན་འཛིན་གྱིས་གཟུགས་པོའི་སྟེང་གི་གློག་ཞུའི་རྐང་ལྷམ་ལ་མཛུབ་མོས་བཙུགས་ཏེ་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།

བསྟན་འཛིན་གྱི་ཕ་ཡུལ་ནི་ཧི་མ་ལ་ཡའི་ལྷོ་ངོས་དང་ཇོ་མོ་གླང་མའི་འདབས་ཀྱི་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་རེད། ས་བབ་ཀྱི་རྐྱེན་གྱིས་ཀྲུང་ནེའི་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ངུ་འདིར་དུས་ཡུན་རིང་པོའི་ནང་གཞུང་ལམ་མི་ཐར་བ་རེད།

2017ལོའི་ལོ་མཇུག་ཏུ། འདྲེན་ཐང་གྲོང་རྡལ་དུ་བསྲིངས་པའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ནས་ཐེངས་དེང་པོར་རླངས་འཁོར་འདྲེན་ཐང་གྲོང་རྡལ་དུ་ཐར་བ་རེད། 2020ལོར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར7.18བཏང་ནས་ཞིང་ཆེན་གཞུང་ལམ514ཡི་ས་ཨར་ནས་འདྲེན་ཐང་བར་གྱི་བསྐྱར་སྐྲུན་ལས་གྲྭ་མཇུག་འགྲིལ་རྗེས་ཟོག་འགྲེམས་ལྗིད་ཐེག་རླངས་འཁོར་གཟའ་འཁོར་རེར་འདྲེན་ཐང་དུ་ཐོན་ནས་ས་གནས་དེ་གའི་དྲ་ཐོག་ཉོ་སྒྲུབ་ཀྱི་སྤྲོ་སེམས་རབ་ཏུ་འཕེལ།

ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་བྱེ་ཆུང་གྲོང་སྡེའི་ཏེང་པ་བསྟན་ལུང་གིས་བརྙན་ཐུང་བཟོ་བ་དང་ཚོང་ཟོག་ཐད་གཏོང་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཏེང་པ་བའི་རིག་གནས་དང་རྫ་ཡུལ་རྫོང་གི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་བྱས་ནས་ཡུལ་དེ་གའི་ཁྱད་ཆོས་ཐོན་རྫས་ཁྱབ་གདལ་བཏང་།

བརྙན་ཐུང་དང་ཐད་གཏོང་བྱས་པར་བརྒྱུད། ཕ་ཡུལ་གྱི་རི་སྐྱེས་ཀོ་ཤ་དང་ལུག་གྲོད་ཤ་མོ་སོགས་ཁྱད་ཆོས་ཐོན་རྫས་རྒྱ་ཆེ་བའི་ཁྲོམ་རར་བཀྲམ། ན་ནིང་ངས་རིན་ཐང་སྒོར་ཁྲི100ལྷག་ཙམ་རི་བའི་ཕ་ཡུལ་གྱི་ཁྱད་ཆོས་ཐོན་རྫས་བཙོངས་ཡོད། དེ་ནི་བོད་ལྗོངས་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་ལས་བྱུང་བ་ཞིག་རེད་ཅེས་བསྟན་ལུང་གིས་ཚོར་སྣང་ཟབ་མོ་སྐྱེས་བཞིན་དེ་ལྟར་བཤད།

གྲངས་གཞི་ལས་མཚོན་པར་གཞིགས་ན། 2021ལོར་བོད་ལྗོངས་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར189.7ལ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ61.1འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྷ་ས་ནུབ་ཚུགས་ཀྱི་དངོས་ཟོག་དབོར་འདྲེན་བྱེད་ཚད་དེ2006ལོའི་ཏུན་ཁྲི30ལྷག་ཙམ་ནས2021ལོའི་ཏུན་ཁྲི600བར་འཕར་ཡོད་པ་རེད།

བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་འཇིགས་མེད་མཚོས་འགྲིམ་འགྲུལ་སྐྱེལ་འདྲེན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དེས་མཐོ་སྒང་མི་དམངས་ཀྱི་འཚོ་བ་སྔར་ལས་སྟབས་བདེ་དང་བོད་དང་ནང་ལོགས་ས་ཁུལ་དབར་གྱི་བར་ཐག་ཉེ་རུ་ཕྱིན་པར་མ་ཟད་ཚོང་ཟོག་འཁོར་རྒྱུག་ལ་སྐུལ་མ་ཐེབས། བོད་ལྗོངས་དེ་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེ་མོར་མཉམ་འདྲེས་ཐུབ་པར་སྐུལ་མ་ཐེབས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།



  • ལེ་ཚན་སྔོན་མ།:ཟླ་བ་དང་པོ་ནས7པའི་བར་ཁུལ་ཡོངས་ཀྱི་གཙོ་གནད་ ལས་གཞིར་མ་དངུལ་སྒོར་ དུང་ཕྱུར204.4བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།