སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ལག་ཤེས་བཟོ་རྩལ་མཁས་ཅན་གྱི་དཔྱད་འདེམས་བྱེད་སྒོ་སྐབས་དྲུག་པ་སྤེལ་འགོ་ཚུགས།

ཨོ་རྒྱན་གྱིས་བསྒྱུར།        2022-08-30

      སྤྱི་ཟླ8པའི་ཚེས28ཉིན་སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ལག་ཤེས་བཟོ་རྩལ་མཁས་ཅན་དཔྱད་འདེམས་བྱེད་སྒོ་སྐབས་དྲུག་པའི་གསར་འགྱུར་འབྲེལ་གཏུག་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ཤིང་། སི་ཁྲོན་ཞིང་ཆེན་གྲོང་གསེབ་ལག་ཤེས་བཟོ་རྩལ་མཁས་ཅན་དཔྱད་འདེམས་བྱེད་སྒོ་སྐབས་དྲུག་པ་སྤེལ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། སྐབས་འདིའི་གྲོང་གསེབ་ལག་ཤེས་བཟོ་རྩལ་མཁས་ཅན་དཔྱད་བསྡུར་ནང་ཞུགས་མཁན་ནི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཐོན་སྐྱེད་འཚོ་བའི་ཤུལ་བཞག་བརྒྱུད་འཛིན་བྱེད་མཁན་ལག་ཤེས་བཟོ་རྩལ་མི་སྣ་ཡིན་ལ། ལག་ཤེས་བཟོ་རྩལ་མཁས་ཅན50དཔྱད་འདེམས་བྱ་རྩིས་ཡོད་པ་རེད།

     ད་ཐེངས་ཀྱི་དཔྱད་འདེམས་ལ་གཙོ་བོ་སྲོལ་རྒྱུན་གྱི་ཞིམ་ཟས་རིགས་དང་། ཇའི་སྒྱུ་རྩལ་རིགས། འཚེམ་དྲུབ་རིགས། ཚོས་འཐག་རིགས། ལག་ཤེས་རི་མོའི་རིགས། འཇིམ་བརྙན་རིགས། རྫ་རྩལ་རིགས། ལྕགས་རིགས་བཟོ་རྩལ་རིགས་སོགས་ཚུད་ཡོད་པ་རེད།

     བདམས་ཐོན་བྱུང་བའི་གྲོང་གསེབ་ཀྱི་ལག་ཤེས་བཟོ་རྩལ་མཁས་ཅན་ལ་སི་ཁྲོན་ཞིང་ཆེན་གྲོང་གསེབ་ཡུལ་སྐོར་མཐུན་ཚོགས་ཀྱིས“སི་ཁྲོན་ཞིང་ཆེན་གྲོང་གསེབ་ལག་ཤེས་བཟོ་རྩལ་མཁས་ཅན”གྱི་མཚན་སྙན་སྤྲད་རྒྱུ་ཡིན་པ་དང་། གྲོང་གསེབ་ལག་ཤེས་བཟོ་རྩལ་མཁས་ཅན་གྱི་མཚོན་བྱེད་རང་བཞིན་གྱི་ལག་རྩལ་དེ་སྔོན་ལ《སི་ཁྲོན་ཞིང་ཆེན་གྲོང་གསེབ་ཐོན་སྐྱེད་དང་འཚོ་བའི་ཤུལ་བཞག་མིང་གཞུང》ནང་ཚུད་པ་རེད། གྲོང་གསེབ་ཀྱི་ལག་ཤེས་བཟོ་རྩལ་མཁས་ཅན་རང་ཉིད་དང་བརྒྱུད་འཛིན་པ1ནས2བར་ཐད་གར《སི་ཁྲོན་ཞིང་ཆེན་གྲོང་གསེབ་ཐོན་སྐྱེད་དང་འཚོ་བའི་ཤུལ་བཞག་མིང་གཞུང》གི་བརྒྱུད་འཛིན་པའི་མིང་ཐོའི་ནང་སྔོན་ལ་ཚུད་རྒྱུ་རེད། གྲོང་གསེབ་ཐོན་སྐྱེད་དང་འཚོ་བའི་ཤུལ་བཞག་ལས་གཞི་མ་དངུལ་གྱིས་ཆ་རྐྱེན་དང་འཚམ་པའི་གྲོང་གསེབ་ཀྱི་ལག་ཤེས་བཟོ་རྩལ་མཁས་ཅན་ལ་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། གྲོང་གསེབ་ཀྱི་ལག་ཤེས་བཟོ་རྩལ་མཁས་ཅན་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་སོགས་དཔྱད་འདེམས་ནང་ཞུགས་རྒྱུའི་འོས་སྦྱོར་བྱ་རྒྱུ་རེད། རང་མོས་ཀྱིས་རེ་ཞུ་བྱས་པ་བརྒྱུད་གྲོང་གསེབ་ལག་ཤེས་བཟོ་རྩལ་མཁས་ཅན་ལས་རིགས་ཞིང་པ་དཔེ་གསར་ལ་ངོས་འཛིན་བྱ་ཆོག་ལ། གསོ་སྦྱོང་དང་ཞབས་ཞུ། མ་དངུལ་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་ལོངས་སུ་སྤྱད་ཆོག་པ་དང་། གྲོང་གསེབ་ཀྱི་ལག་ཤེས་བཟོ་རྩལ་མཁས་ཅན་ལ་ཁྱིམ་ཚང་གི་བཟོ་ར་དང་རྩལ་ནུས་མཁས་པའི་ལས་སྒྲུབ་ཁང་། གྲོང་གསེབ་ཀྱི་ལག་ཤེས་བཟོ་རྩལ་མཉམ་ལས་ཁང་བཅས་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། གྲོང་གསེབ་ལག་ཤེས་བཟོ་རྩལ་མཁས་པ་རྣམས་རང་མོས་ཐོག་སློབ་ཡོན་མི་དགོས་པར་ཞིང་ཆེན་གྲོང་གསེབ་ཡུལ་སྐོར་མཐུན་ཚོགས་ནང་ཞུགས་ཆོག་པ་དང་། མཐུན་ཚོགས་ཀྱི་ཁོངས་མིའི་ཁེ་དབང་ལོངས་སུ་སྤྱད་ཆོག།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་འཛམ་གླིང་ལས་རིགས་ལག་རྩལ་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།