བུད་མེད་ཚོ་བསོད་བདེ་ཆེ་ཐལ། བུ་བཙའི་སྲིད་ཇུས་གསར་པ་སླེབས་འདུག།

ཐུབ་ཀྱིས་བསྡུས་བསྒྱུར་བྱས།        2022-09-02

  ཉེ་ཆར། སི་ཁྲོན་ཞིང་ཆེན་གྱིས《སི་ཁྲོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་བཙའི་སྐོར་གྱི་སྲོལ་ཡིག》 བཟོས་ཤིང་།  དེའི་ཁྲོད་དུ་བུ་བཙའི་སྲིད་ཇུས་གསར་པ་མང་པོ་བཏོན་འདུག་སྟེ། དཔེར་ན། ལེའུ་དང་པོའི་སྤྱིའི་རྩ་དོན་གྱི་དོན་ཚན་ལྔ་པའི་ནང་ཞིང་ཆེན་དང་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གིས་མི་གྲངས་དང་འཆར་ལྡན་བུ་བཙའི་ལས་དོན་གྱི་སྔོན་ཐོན་ས་ཁུལ་ལ་གྲོན་དངུལ་ཐད་བརྩོན་སྐུལ་གྱི་ནང་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་ཞིང་། དར་རྒྱས་ཞན་པའི་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཆར་ལྡན་བུ་བཙའི་ལས་དོན་ལ་གྲོན་དངུལ་གྱི་ཐོག་ནས་གཙོ་གནད་དུ་རོགས་སྐྱོར་བྱ་དགོས་ཞེས་བཀོད་ཡོད།

    ཡང་སྲོལ་ཡིག་གི་ལེའུ་ལྔ་པ་སྟེ་བྱ་དགའ་དང་སྤྱི་ཚོགས་འགན་སྲུང་ཞེས་པའི་དོན་ཚན་ཉེར་བཞི་པའི་ནང་། སྲོལ་ཡིག་འདིའི་གཏན་འབེབས་དང་མཐུན་པའི་བུ་བཙའི་ཁྱོ་ཤུག་ཡིན་ཕྱིན། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ཕུད། བུད་མེད་ལ་བུ་བཙའི་གུང་གསེང་གི་དུས་ཚོད་ཉིན་དྲུག་ཅུ་རིང་དུ་གཏང་རྒྱུ་དང་། ཁྱོ་གར་ནད་གཡོག་གི་གུང་གསེང་ཉིན་ཉི་ཤུ་སྤྲད་རྒྱུ། བུ་བཙའི་གུང་གསེང་དང་ནད་གཡོག་གི་གུང་གསེང་དེ་ལས་ཀར་ཞུགས་ཡོད་པར་བརྩི་བ་དང་། གླ་ཕོགས་དང་ཕན་བདེའི་ལྟ་སྐྱོང་ལ་འགྱུར་བ་མེད་པ་རེད། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་མི་སྤྱོད་མཁན་སྡེ་ཚན་གྱིས་བུ་བཙའི་གུང་གསེང་དང་ནད་གཡོག་གི་ལྟ་སྐྱོང་དོན་ཐོག་འཁྱོལ་བར་འགན་སྲུང་བྱ་དགོས།

   ཕྲུ་གུ་ལོ་གསུམ་མན་གྱི་ཁྱོ་ཤུག་སོ་སོར་ལོ་རེར་ཉིན་བཅུའི་རིང་གི་ཕྲུ་གུ་གསོ་བའི་གུང་གསེང་ཡོད་པ་དང་། ཕྲུ་གུ་གསོ་བའི་གུང་གསེང་དེ་ལས་ཀར་ཞུགས་ཡོད་པར་བརྩི་རྒྱུ་ཞེས་བཀོད་ཡོད།

   ཡང་དེའི་དོན་ཚན་ཉེར་ལྔ་པའི་ནང་དུ། བུད་མེད་ལ་མངལ་འཁོར་བ་དང་། བུ་བཙའ། ནུ་མ་སྣུན་པ་བཅས་ཀྱི་རིང་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དམིགས་བསལ་གྱི་ངལ་རྩོལ་སྲུང་སྐྱོང་ཐོབ་པ་དང་འབྲེལ་རོགས་རམ་དང་གུན་གསབ་ཀྱང་རག་ཐུབ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བུད་མེད་ཀྱི་ལས་ཞུགས་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ནས་བུ་བཙའ་བའི་རྐྱེན་གྱིས་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་པའི་བུད་མེད་ལ་ལས་ཞུགས་ཀྱི་ཞབས་ཞུ་བྱ་དགོས།

སྲོལ་ཡིག་འདིའི་གཏན་འབེབས་དང་མཐུན་པའི་བུ་ཕྲུག་བཙའ་བའི་ཁྱོ་ཤུག་ཡིན་ན། ཁྲིམས་ལྟར་བུ་བཙའི་ཉེན་སྐྱོབ་ཀྱི་འབྲེལ་ཡོད་ལྟ་སྐྱོང་རག་ཐུབ་པ་རེད། ཅེས་བཀོད་འདུག།

   སྲོལ་ཡིག་འདི2022ལོའི་ཟླ་བ10པའི་ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ་རེད།།



  • ལེ་ཚན་སྔོན་མ།:ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡི་རིམས་འགོག་ཐད་ཀྱི་གསུང་ཚ་ནན་མ་ལ་ལྟོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།