རིམ་ཁག་དང་སྡེ་ཁག་གིས་ས་འགུལ་གནོད་ཐེབས་སར་རོགས་སྐྱོབ་འདི་འདྲ་བྱས།

ཐུབ་བསྟན་གྱིས་བསྡུས་བསྒྱུར་བྱས།        2022-09-09

རིམ་ཁག་དང་སྡེ་ཁག་གིས་ས་འགུལ་གནོད་ཐེབས་སར་རོགས་སྐྱོབ་འདི་འདྲ་བྱས།  

  སྤྱི་ཟླ9པའི་ཚེས5ཉིན་གྱི་པེ་ཅིང་ཆུ་ཚོད12དང་སྐར་མ52ཐོག། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་བ་རེད། ས་འགུལ་བྱུང་རྗེས་རིམ་ཁག་དང་སྡེ་ཁག་གིས་གོང་རིམ་གྱི་བཀའ་དང་དུ་བླངས་ནས་དེ་མ་ཐག་ས་འགུལ་གྱི་གནོད་པ་ཐེབས་ཡུལ་དུ་ཚེ་སྲོག་མྱུར་སྐྱོབ་དང་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་ཡོད།

རིམ་ཁག་དང་སྡེ་ཁག་གིས་ས་འགུལ་གནོད་ཐེབས་སར་རོགས་སྐྱོབ་འདི་འདྲ་བྱས།

   སྤྱི་ཟླ9པའི་ཚེས6ཉིན་གྱི་ཆུ་ཚོད18བར། འཚུབ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་ཕྱོགས་འདུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་རུ་ཁག་གི་མི1700ལྷག་དང་། མེ་གསོད་རླངས་འཁོར་དང་ཨར་སྐྲུན་རླངས་འཁོར370ལྷག་དང་། ཐོན་སྐྱེད་ཉེན་མེད་འཚུབ་བསྟུན་རོགས་སྐྱོབ་རུ་ཁག་གི་མི190ལྷག་དང་། རང་བྱུང་གནོད་འཚེ་ཨར་སྐྲུན་རོགས་སྐྱོབ་ལྟེ་གནས་ཏེ་ཀྲུང་གོ་བདེ་འཇགས་ནུས་ཁུངས་ཀྱི་མི98དང་། སྒྲིག་ཆས་ལེ་ལག་ཚང་བ31དང་། སྤྱི་ཚོགས་འཚུབ་བསྟུན་སྟོབས་ཤུགས་མི་སྣ370དང་། མཁའ་བསྐྱོད་རོགས་སྐྱོབ་ཐད་འཕུར་གནམ་གྲུ9དང་། མི་མེད་གནམ་གྲུ3བཅས་མངག་གཏོང་བྱས་ཡོད།

རིམ་ཁག་དང་སྡེ་ཁག་གིས་ས་འགུལ་གནོད་ཐེབས་སར་རོགས་སྐྱོབ་འདི་འདྲ་བྱས།

   ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་དོ་དམ་ཏང་རིན་ཚབ་གཉེར་ཁྲོད་དུ་སྒོར་བྱེ་བ2བཏང་ནས་སི་ཁྲོན་ཞིང་ཆེན་གྱི་འགུལ་འགོག་གནོད་སྐྱོབ་ལ་རྒྱབ་སྐྱོར་བྱས།

   ཞིང་ཆེན་སྲིད་གཞུང་ནས་སྤྱི་ཟླ9པའི་ཚེས5ཉིན་དཀར་མཛེས་ཁུལ་ལ་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ5སྤྲད་པའི་རྨང་གཞིའི་ཐོག། གཡག་རྔ་གྲོང་ཁྱེར་ལ་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ5སྤྲད་ཡོད། དཀར་མཛེས་ཁུལ་དང་གཡག་རྔ་གྲོང་ཁྱེར་ལ་ས་འགུལ་གྱི་ཞོར་ཐོན་ས་གཤིས་གནོད་འཚེའི་འཚུབ་བསྟུན་ཐག་གཅོད་མ་དངུལ་སྒོར་བྱེ་བ2དང་། ཞིང་ཆེན་རིམ་པའི་གནོད་སྐྱོབ་འགོག་བཅོས་ཁ་གསབ་མ་དངུལ་སྒོར་བྱེ་བ2སྤྲད་པ་རེད།

   སི་ཁྲོན་ཞིང་ཆེན་འཚུབ་བསྟུན་ཐིང་གིས་ཞིང་ཆེན་རིམ་པའི་གནོད་སྐྱོབ་དངོས་རྫས་སྣ་ཁ83560དང་། རྒྱ་གྲམ་དམར་པོ་ཚོགས་པས་གནོད་སྐྱོབ་དངོས་རྫས་སྣ་ཁ5620སྤྲད་དེ་གནོད་འཚེ་ཐེབས་ཡུལ་གྱི་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད།

    ཚེས6ཉིན་གྱི་ཆུ་ཚོད8པའི་བར། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། མེ་གསོད་རོགས་སྐྱོབ། ནགས་ཚལ་མེ་གསོད། བདེ་འཇགས་ནུས་ཁུངས་ཚོགས་པ། ཐོན་སྐྱེད་ཉེན་མེད། འགྲིལ་འགྲུལ། འཕྲིན་གཏོང་། གློག་ཤུགས། སྨན་བཅོས་སོགས་རོགས་སྐྱོབ་སྟོབས་ཤུགས་རིགས་ཁག་གི་མི6650ལྷག་དང་ཐད་འཕུར་གནམ་གྲུ9བཏང་ཡོད། དེའི་ནང་དུ་ལྕགས་ཟམ་ཕྱོགས་ལ་མི3850དང་ཐད་འཕུར་གནམ་གྲུ4བཏང་ཡོད། སྲིབ་སྨད་ཕྱོགས་ལ་མི2800དང་ཐད་འཕུར་གནམ་གྲུ5བཏང་ཡོད། དེ་མིན་ཐད་འཕུར་གནམ་གྲུ5ནམ་འཕུར་ན་ཆོག་པའི་གྲ་སྒྲིག་བྱས་ཡོད།

   ད་སྔའི་བར། ནུབ་རྒྱུད་འཐབ་ཁུལ་ཁོངས་གཏོགས་ཀྱིས་དཔོན་དམག་དང་དམངས་དམག2700ལྷག་འགུལ་འགོག་གནོད་སྐྱོབ་ཁྲོད་དུ་ཞུགས་ཡོད་ཅིང་། རིམ་རྩིས་བྱས་ན་མང་ཚོགས3950གནས་སྤོ་བྱས་ཡོད། རྨས་མ270ལ་སྨན་བཅོས་བྱས་ཤིང་། ཐད་འཕུར་གནམ་གྲུ་འཕུར་ཐེངས19ལ་འཕུར་ནས་རྨས་མ་དང་མང་ཚོགས་བརྒྱུད་བསྐྱལ་བྱས་ཡོད།

   རྨས་སྐྱོན་ཕོག་མཁན་ཁྲོད་དུ་སྨན་ཁང་གིས་མི175སྨན་བཅོས་བྱས་ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྨན་བཅོས་རོགས་སྐྱོབ་རུ་ཁག6བཙུགས་ནས་ཡུལ་དངོས་སུ་སྨན་བཅོས་རོགས་སྐྱོབ་ལས་དོན་སྤེལ་ཡོད།

    ཁ་གཏད་རོགས་སྐྱོར་ཁོངས་གཏོགས་ཧྭ་ཞི་སྨན་ཁང་དང་ཞིང་ཆེན་སྨན་ཁང་། ཞིང་ཆེན་རུས་ཚན་སྨན་ཁང་། ལྷོ་ནུབ་གསོ་རིག་ཚན་ཁག་སློབ་ཆེན་ཞོར་གཏོགས་སྨན་ཁང་བཅས་གནོད་འཚེ་ཐེབས་ཡུལ་སྨན་ཁང་དུ་རྨས་མ་སྐྱོབ་བཅོས་ཁྲོད་དུ་ཞུགས་ནས་མཛུབ་སྟོན་བྱས་ཡོད།

    སྤྱི་པའི་འཕྲོད་བསྟེན་ཆེད་རམས་པ16གནོད་འཚེ་ཐེབས་ཡུལ་དུ་རིམས་ཚུལ་འགོག་ཟོན་དང་འཐུང་ཆུར་ལྟ་ཞིབ་ཏུ་མངགས་པ་དང་། ལྕགས་ཟམ་དང་སྲིབ་སྨད་ཀྱི་ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་ཚོ་ཆུང་བཙུགས་ཤིང་། ཁྱོན་ཡོངས་ལ་ཁེབས་པའི་ཉིང་སྐྱུར་དཔེ་བཤེར་བྱེད་བཞིན་ཡོད།

   ད་སྔའི་བར། གནོད་ཐེབས་མང་ཚོགས་ཐམས་ཅད་ཉེན་མེད་ས་ཁུལ་དུ་གནས་སྤོས་ནས་བཀོད་སྒྲིག་བྱས་ཡོད།

   ཞིང་ཆེན་གུང་གཞོན་ཚོགས་པ་ཞིང་ཨུས་འཚུབ་བསྟུན་ཐིང་དང་མཉམ་འབྲེལ་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ལྕགས་ཟམ་ས་འགུལ་གྱི་དང་བླངས་པ་དང་སྤྱི་ཚོགས་རྩ་འཛུགས་མཉམ་ལས་ལྟེ་གནས་བཙུགས་ཏེ་འཚུབ་བསྟུན་དང་བླངས་ཞབས་ཞུ་ལས་དོན་སྤེལ་བཞིན་ཡོད།

   འགྲིམ་འགྲུལ་ཁོངས་གཏོགས་ཀྱིས་ཉེན་སེལ་གནོད་སྐྱོབ་རུ་ཁག19དང་། མི་ཐེངས734མངགས་ཤིང་། བརྐོ་འདྲུ་འཕྲུལ་འཁོར་དང་ལྡུག་འཁོར་སོགས་འཕྲུལ་ཆས་གཏོང་ཐེངས169བྱེད་ཅིང་། ཟོང་འཁོར936གྲ་སྒྲིག་བྱས་ཡོད།

    རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གིས་འཚུབ་བསྟུན་ཉེན་སེལ་མི་སྣ1319མངགས་ཤིང་། གློག་འདོན་འཕྲུལ་ཆས109དང་གློག་འདོན་རླངས་འཁོར8དང་། གློག་གསོག་གྲུ་ཤག2དང་། འཚུབ་བསྟུན་གློག་སྒྲོན་སྒྲིག་ཆས67སྤྲད་ཡོད།

   འཕྲིན་གཏོང་ལས་རིགས་ཀྱིས་ཞིག་གསོ་མི་སྣ1040མངགས་ཤིང་། འཁོར་སྐར་ཁ་པར102དང་འཚུབ་བསྟུན་འཕྲིན་གཏོང་རླངས་འཁོར22བཀོད་སྒྲིག་བྱས་ཡོད།

    སྤྱི་ཟླ9པའི་ཚེས6ཉིན་གྱི་ཆུ་ཚོད0ལ་མཁའ་དབྱིངས་དྲྭ་ཁེབས་འཚུབ་བསྟུན་འཕྲིན་གཏོང་མི་མེད་གནམ་གྲུ་མངགས་ནས་ཆུ་ཚོད2པར་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་གྱི་ཁོངས་སུ་འབྱོར་ནས་བཀོལ་མཁན2155ལ་འཕྲིན་ཐུང་བསྐུར་ནས་དྲན་སྐུལ་བྱས་ཡོད།།

  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་མི82རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་མི86རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10