ཐུབ་ཀྱིས་བསྒྱུར། 2022-09-08
ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ཏེ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བྱས་ཏེ། ནུས་ཤུགས་ཡོད་དགུས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོབ་བྱས་ཤིང་། འགུལ་འགོག་གནོད་སྐྱོབ་ཀྱི་དམག་འཐབ་དཀའ་ཚེགས་ཆེ་བ་ལས་རྒྱལ་ཁ་མཐའ་གཅིག་ཏུ་འཐོབ་པ་བྱ་དགོས་པར་བསྟན།
སྤྱི་ཟླ9པའི་ཚེས6ཉིན་ལ། ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ཏེ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པ་དང་། འགུལ་འགོག་གནོད་སྐྱོབ་ཀྱི་གོང་འཕེལ་གནས་ཚུལ་སྙན་སེང་ལ་ཉན་འཇོག་བྱེད་ཅིང་། ཕྱིན་ཆད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་།
གྲོས་ཚོགས་སུ་བསྟན་དོན། ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས་ཏང་ཀྲུང་དབྱང་གིས་མཐོང་ཆེན་བླ་ལྷག་ཏུ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། ཚེ་སྲོག་མྱུར་དུ་བསྐྱབ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ནུས་ཤུགས་ཡོད་དགུས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོབ་བྱས་ནས་མི་སྣ་ཤི་རྨས་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་དགོས་དང་། ས་འགུལ་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་ཞིང་། ཞོར་ཐོན་གནོད་འཚེ་སྔོན་འགོག་དང་། གནོད་ཐེབས་མང་ཚོགས་ཉེན་བྱོལ་བཀོད་སྒྲིག་སོགས་ཀྱི་ལས་ཀ་ཡག་པོ་བསྒྲུབ་དགོས། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏང་དགོས་པ་དང་བཅིངས་འགྲོལ་དམག་དང་དྲག་ཆས་དཔུང་སྡེས་ས་གནས་ལ་གཞོགས་འདེགས་བྱས་ནས་ལས་དོན་སྤེལ་དགོས་པའི་བཀོད་སྒྲིག་གལ་ཆེན་གྱི་བླང་བྱ་ཁ་གསལ་བཏོན་ཡོད། ཙུང་ལི་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་། སུན་ཁྲུལ་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧུ། གོ་ཧྲུན་ཁོན། ཝང་ཡུང་། ཞའོ་ཅེ། ཀྲའོ་ཁེ་ཀྲི་བཅས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱིས་མཆན་བཀོད་མཛུབ་སྟོན་གནང་ཞིང་བླང་བྱ་གལ་ཆེན་བཏོན་ཡོད། དེ་དག་གི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ས་འགུལ་གྱི་གནོད་འཚེ་ཐེབས་ཁུལ་མི་དམངས་ལ་བཅངས་པའི་བརྩེ་ཆེན་སེམས་ཁུར་མཚོན་ཐུབ་ཅིང་། ང་ཚོས་འགུལ་འགོག་གནོད་སྐྱོབ་ལས་དོན་ཡག་པོ་སྒྲུབ་པ་དང་དམག་འཐབ་དཀའ་ཚེགས་ཆེ་བ་འདི་ལས་རྣམ་པར་རྒྱལ་བར་བརྩི་སྲུང་ཞུ་ཡས་མཁོ་འདོན་བྱེད་པ་དང་ཡིད་ཆེས་ལྷག་པར་འཕེལ་དུ་འཇུག་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ཡག་པོ་བླངས་པ་དང་འབྲེལ་ལག་ལེན་དོན་འཁྱོལ་ཡག་པོ་བྱ་དགོས།
གྲོས་ཚོགས་བསྟན་དོན། ས་འགུལ་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཐོག་བཀོད་སྒྲིག་བྱས་ཤིང་། གནོད་འཚེ་ཐེབས་ཡུལ་གྱི་གྲོང་ཁྱེར་དང་ཁུལ། རྫོང་། དེ་བཞིན་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་བྱ་སྤྱོད་མྱུར་དུ་སྤེལ་བ་དང་། རོགས་སྐྱོབ་སྟོབས་ཤུགས་རིགས་ཁག་དེ་མ་ཐག་རོགས་སྐྱོར་དུ་སོང་ཞིང་། གནོད་འཚེ་ཐེབས་ཡུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྟ་སྲུང་རོགས་རེས་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་འཕྲོག་ལེན་བྱེད་པའི་དམིགས་བསལ་འཐབ་འཛིང་ཞིག་སྤེལ་བ་དང་། འགུལ་འགོག་གནོད་སྐྱོབ་ཀྱི་ལས་དོན་ཁག་སྤེལ་བར་སྟོབས་ཤུགས་ཡོད་ལ་གོ་རིམ་ཡོད་པ་དང་། ཕན་འབྲས་ཡོད་པ་རེད། གནོད་ཐེབས་མང་ཚོགས་བཀོད་སྒྲིག་རགས་ཙམ་ཐུབ་ཡོད་ལ་གནོད་འཚེ་ཐེབས་ཡུལ་གྱི་སྤྱི་ཚོགས་སྤྱི་ཡོངས་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་རེད། ཡིན་ན་ཡང་ཐེངས་འདིའི་ས་འགུལ་གྱི་གཏོར་བཤིག་རང་བཞིན་ཆེ་བ་དང་། གནོད་འཚེ་ཐེབས་ཡུལ་དུ་འཕྲོར་ལུས་ས་འགུལ་སྐབས་སྐབས་སུ་འབྱུང་བཞིན་ཡོད་ལ། ཞོར་ཐོན་གནོད་འཚེ་འབྱུང་བའི་ཉེན་ཁ་མི་མངོན་པ་ཆེན་པོ་ཡོད་ཅིང་། ཉེན་སེལ་རོགས་སྐྱོབ་གནད་འགག་གི་དུས་སུ་སླེབས་ཡོད་པ་ཡང་ཧ་གོ་དགོས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ཁག་ལག་ལེན་བྱ་དགོས་ཤིང་། མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་པ་དང་། ནུས་ཤུགས་ཡོད་དགུས་འགུལ་འགོག་གནོད་སྐྱོབ་བྱེད་ཅིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་ཚད་ཆེས་ཆེ་བ་བྱས་ཏེ། འགུལ་འགོག་གནོད་སྐྱོབ་ཀྱི་དམག་འཐབ་དཀའ་ཚེགས་ཆེ་བ་འདི་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བར་བྱ་དགོས།
གྲོས་ཚོགས་སུ་བསྟན་དོན། ཚེ་སྲོག་མྱུར་དུ་སྐྱོབ་པ་དེ་ལས་འགན་ཨང་དང་པོར་བརྩིས་ནས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོག་ལེན་བྱས་ནས་མྱུལ་སྐྱོབ་ལས་དོན་སྤེལ་དགོས། ཞོར་ཐོན་གནོད་འཚེ་འབྱུང་བར་ནན་འགོག་བྱེད་པ་དང་། གནོད་ཐེབས་མང་ཚོགས་ཉེན་བྱོལ་བཀོད་སྒྲིག་གང་ལེགས་བྱ་དགོས། འགྲིལ་འགྲུལ་བདེར་བགྲོད་ཐུབ་པ་དང་དངོས་ཟོག་མཁོ་སྤྲོད་ཐུབ་པ་དམ་འཛིན་ཡག་པོ་བྱེད་པ་དང་། གནོད་འཚེ་ཐེབས་ཡུལ་གྱི་རྒྱུན་ལྡན་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་མགྱོགས་པོ་བྱ་དགོས། མང་ཚོགས་ལས་དོན་ཞིབ་ཅིང་ཕྲ་བའི་སྒོ་ནས་ཡག་པོ་སྒྲུབ་པ་དང་། གནོད་འཚེ་ཐེབས་ཡུལ་གྱི་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་ཧུར་ཐག་བྱ་དགོས། འགུལ་འགོག་གནོད་སྐྱོབ་དང་རིམས་ཚུལ་འགོག་ཟོན་ལས་དོན་ལ་སྤྱི་འདོམས་བྱས་ནས་ཡག་པོ་བསྒྲུབ་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10