རས་གུར་དང་ཏང་གི་དར་ཆ་ཡོད་པས་མི་རྣམས་ཀྱི་བློ་སེམས་བདེ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-09-12

གནས་སྐབས་བཀོད་སྒྲིག་བྱ་ཡུལ་ནི་བརྟན་འཇགས་གོ་རིམ་ལྡན།

རས་གུར་དང་ཏང་གི་དར་ཆ་ཡོད་པས་མི་རྣམས་ཀྱི་བློ་སེམས་བདེ།
       

      སྤྱི་ཟླ9པའི་ཚེས5ཉིན་གྱི་དགོང་མོར། མཚན་མོའི་མུན་པས་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་ཡོངས་སུ་ཁེབས།དེའི་སྐབས་སུ་འོད་སྣང་ཡོད་ཚད་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་གཅིག་འདུས་བྱེད་པ་དང་རིགས་སུ་མཐུན། ཉིན་དེའི་ཆུ་ཚོད12དང་སྐར་མ52ཐོག་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་བ་དང་འགུལ་ཁུངས་གཏིང་ཟབ་ཚད་སྤྱི་ལེ16ཡོད་པ་རེད། གསར་འགོད་པ་འབོ་ཞབས་གྲོང་རྡལ་གྱི་གངས་དཀར་ཐང་ཆེན་དུ་སླེབས་སྐབས། དེ་གར་གུར་ཕུབ་ཟིན་པར་མ་ཟད་ཐག་ཉེ་སའི་མང་ཚོགས་རྣམས་གནས་དེར་འཛོམས་ཤིང་།བཀོད་སྒྲིག་བྱ་ཡུལ་དུ་གོ་རིམ་དང་ལྡན་པའི་རྣམ་པ་ཞིག་མིག་ལམ་དུ་འཆར།

གྲལ་སྟར་འགྲིག་པའི་གུར་སྔོན་པོའི་མདུན་དུ་ལས་བྱེད་པ་དང་མང་ཚོགས་ཚོས་དམར་མདངས་བཀྲ་བའི་ཏང་གི་དར་ཆ་བཙུགས་ཡོད་པ་དང་། བཀོད་སྒྲིག་བྱ་ཡུལ་གྱི་འཕྲེད་འགེལ་སྦྱར་ཡིག་སྟེང་དུ”མི་དམངས་གོང་བཀུར། ཚེ་སྲོག་གོང་བཀུར“ཞེས་པའི་ཡིག་འབྲུ་དག་མིག་ལམ་དུ་མངོན།

བརྟན་འཇགས་དང་གོ་རིམ་ལྡན་པས་དོ་དགུང་གནས་འདིར་མལ་དུ་ཉལ་ན་ཞེ་བདེ་མོ་འདུག།

སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད22དང་སྐར་མ25ཡི་ཐོག། འབོ་ཞབས་གྲོང་རྡལ་མངགས་གཏོང་ཁང་གི་བཀོད་སྒྲིག་བྱ་ཡུལ་གྱི་རས་གུར་ནང་དུ་ས་ཆ་མི་འདྲ་བ་ནས་ཡོང་བའི་དུད་ཚང5ཡི་ངོ་མི་ཤེས་པའི་མི10གཅིག་གྱུར་འོག་རང་མོས་མཉམ་སྡེབ་བྱས་ནས་གུར་ནང་དུ་བསྡད་འདུག། དེའི་ཁྲོད་དུ་ཧུའུ་ནན་ནས་ཡོང་བའི་ཡུལ་སྐོར་བ་ཝང་ཀྲི་ཅན་དང་ཁོའི་བཟའ་ཟླ་གཉིས་འབོ་ཞབས་གྲོང་རྡལ་དུ་སླེབས་ནས་ཉིན་དྲུག་འགོར་བ་དང་ད་ཆར་ས་འགུལ་དང་འཕྲད་པའི་དངངས་འཚབ་ཀྱང་མེད་པར་གྱུར་ཐལ། ཆ་རྒྱུས་མེད་པའི་ཉལ་རོགས་ཀྱིས་མཁོ་འདོན་བྱས་པའི་སྲིང་བལ་གྱི་ཉལ་ཆས་མཐུག་པོ་ཞིག་བཀབ་ཡོད་པས་དགུང་མོའི་དྲོད་གྲངས་ཏུའུ15ཡི་ནང་དུའང་འཁྱགས་སྣང་མེད། ཕྱི་རོལ་དུ་ལས་བྲེལ་ཆེན་པོ་ཡོད་ཀྱང་གློག་སྒྲོན་འོག་རས་གུར་ནང་སྡོད་མཁན་རྣམས་གཉིད་གྲབས་བྱེད་ཀྱི་ཡོད་པ་དང་ཁོ་ཚོའི་ཁྲོད་ཀྱི་ལོ་ན་གཉིས་ལོན་པའི་བྱིས་པ་དེ་སྔ་མོ་ནས་རྨི་ལམ་གྱི་ཞིང་དུ་ཕེབས་ཟིན་པ་རེད།

ཉིན་དེའི་དགོང་མོར། གནོད་སྐྱོབ་ཀྱི་འཚོ་བའི་དངོས་ཟོག་མང་པོ་ལྕགས་ཟམ་རྫོངའབོ་ཞབས་གྲོང་རྡལ་དུ་དབོར་འདྲེན་བྱས་ནས་སླེབས་ནས་གཏེར་ཆུ་དང་སོབ་གོར། འོ་མ་སོགས་འདུག། འབོ་ཞབས་གྲོང་རྡལ་ཁྲོམ་ལམ་རྙིང་པའི་སྡེ་ཁུལ་གྱི་གྲོང་མི་ཀྲོའུ་ལི་ཡིས”ངེད་ཚང་ལ་ཁྱིམ་མི8ཡོད། གྲོང་རྡལ་དུ་ཡོད་པའི་སྡོད་ཁང་ལ་གས་སྲུབ་ཤོར་འདུག། སྲིད་གཞུང་གིས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བཀོད་སྒྲིག་བྱས་སོང་། སྟབས་བདེའི་ཐུག་པ་འཐུང་ཟིན་པ་དང་ཆུ་དང་འོ་མ་འདང་ངེས་འདུག “ཅེས་བཤད། ས་འགུལ་བྱུང་ནས་ཡུན་རིང་མ་འགོར་ཀྱང་གསར་འགོད་པའི་མིག་ལམ་དུ་མངོན་པ་ནི་བརྟན་འཇགས་དང་གོ་རིམ་ལྡན་པ་དེ་རེད།

འབོ་ཞབས་གྲོང་རྡལ་དང་སྤྱི་ལེ་བདུན་བརྒྱད་རྒྱང་བའི་མཚམས་སུ། ལྕགས་ཟམ་རྫོང་ཞིན་ཞིང་ཡུལ་ཤོག་གི་གྲོང་མིས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དེ་ས་གནས་དེ་གའི་སློབ་ཆུང་དུ་བཀོད་སྒྲག་བྱས་འདུག། དགུང་མོར་མི་ཚང་མས་གུར་གྱི་ཕྱི་རོལ་དུ་མེར་བསྲོས་ནས་ཕན་ཚུན་ཁ་བརྡ་བྱེད་བཞིན་མཆིས།

དུང་དཀར་ལུང་པ་དོ་དམ་ཅུས་འཚུབ་བསྟུན་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ལི་མིང་ཝུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ས་འགུལ་བྱུང་བའི་འབོ་ཞབས་གྲོང་རྡལ་དང་ཁུག་རྟ་ལུང་པ་གྲོང་རྡལ་དུ་བཀོད་སྒྲིག་བྱ་ཡུལ18བཙུགས་ནས་གུར382ཕུབ་པ་དང་གནོད་འཚེ་ཐེབས་པའི་མང་ཚོགས12000ལྷག་ཙམ་བཀོད་སྒྲིག་བྱས་ཚར། དེ་མིན་གྱི་རས་གུར་གཅིག་རྗེས་གཉིས་མཐུད་ངང་བཀོད་སྒྲིག་བྱེད་བཞིན་ཡོད། ཡུལ་དངོས་སུ་སྲིང་བལ་ཉལ་ཆས་ཆ་ཚང1800དབོར་འདྲེན་བྱས་ཟིན་པ་དང་འཚོ་བའི་དངོས་ཟོག་མཁོ་སྤྲོད་བྱེད་སྐབས་རྒན་རྒོན་དང་བྱིས་པར་སྔོན་ལ་འགན་ལེན་བྱེད་བཞིན་ཡོད།

ཏང་གི་དར་ཆའི་འོག་ནས་མ་སྐུལ་དང་བླངས་ཀྱིས་རྩ་འཛུགས་བཙལ་ནས་དམངས་ལ་ཞབས་ཕྱི་བསྒྲུབས།

ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་མི་དམངས་སྲིད་གཞུང་གི་མདུན་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་དེ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བཀོད་སྒྲིག་བྱས་ཡོད། “སྟོད་གོས་དམར་པོ”གྱོན་པའི་ཝང་ཝུན་ཅུན་གྱིས་མི་གྲངས་ཞིབ་བཤེར་བྱེད་པར་བྲེལ་བཞིན་འདུག།

ཝང་ཝུན་ཅུན་གྱིས “ས་འགུལ་བྱུང་རྗེས་ལྕགས་ཟམ་རྫོང་གི་ཏང་ཡོན་དངས་བླངས་ཞབས་ཕྱི་རུ་ཁག་མགྱོགས་མྱུར་དུ་འདུས་འཛོམས་བྱས་ནས་ས་གནས་དེ་གའི་མང་ཚོགས་སྒྲིག་འཛུགས་དང་བཀོད་སྒྲིག་བྱེད་འགན་ཁུར་བཞིན་ཡོད”ཅེས་བཤད། བཀོད་སྒྲིག་བྱ་ཡུལ་དེར་ཁྱོན་བསྡོམས་མི1000ལྷག་ཙམ་བཀོད་སྒྲིག་བྱས་པ་དང་གཙོ་བོ་ནི་གྲོང་རྡལ་དེའི་བདེ་སྐྱིད་གྲོང་སྡེ་དང་པེ་ཐོའུ་གྲོང་སྡེ་སོགས་ཀྱི་གྲོང་མི་རེད། རས་གུར35ཕུབ་ནས་སྔོན་ལ་རྒན་རྒོན་དང་བྱིས་པ་བཀོད་སྒྲིག་བྱས་ཡོད་ཅིང་། ཚན་པ་རྗེས་མའི་གུར་དབོར་འདྲེན་བྱས་ནས་འབྱོར་རྗེས་མང་ཚོགས་གཞན་དག་ལ་མུ་མཐུད་ནས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

བཀོད་སྒྲིག་བྱ་ཡུལ་ཁག་ཏུ་ཏང་ཡོན་ཚང་མ་ནི་གདོང་ལེན་སྟོབས་ཤུགས་རེད། བདེ་སྐྱིད་གྲོང་སྡེའི་གྲོང་མི་ཝང་ཧྭ་ཡིས“ངའི་བཟའ་ཟླ་ཀའོ་ཅན་ཕིང་ནི་ཏང་ཡོན་ཡིན་པ་དང་བཀོད་སྒྲིག་བྱ་ཡུལ་དུ་སླེབས་རྗེས་ཁོས་འཕྲལ་མར་རྩ་འཛུགས་བཙལ་ནས་གུར་ཕུབ་པ་དང་དངོས་ཟོག་དབོར་འདྲེན་བྱེད་རོགས་བྱེད་ཀྱི་ཡོད”ཅེས་བཤད། མོས་ལོ95ལ་སླེབས་པའི་ཨ་མར་ཟ་མ་བྱིན་པར་ལྟ་རྟོག་བྱེད་བཞིན་འདུག། ས་འགུལ་བྱུང་རྗེས་ཁོ་མོ་དང་ཁོའི་ཁྱོ་གས་ཨ་མ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱལ་ཡོད་པ་རེད།

“དངོས་ཟོག་སླེབས་སོང་། དངོས་ཟོག་དབོར་རོགས” ཆུ་ཚོད20ཡས་མས་སུ་ལྗིད་ཐེག་རླངས་འཁོར་ཆེ་གྲས་གཉིས་སླེབས་པ་དང་ཆབས་ཅིག“སི་ཁྲོན་ཡུལ་དམག”10ལྷག་ཙམ་གྱིས་འཕྲལ་དུ་སོང་ནས་སྟབས་བདེའི་ཐུག་པ་དང་གཏེར་ཆུ་སོགས་དངོས་ཟོག་རླངས་འཁོར་ནས་དབོར་འདྲེན་བྱས་པར་བྲེལ།

འདི་ནི་ལྕགས་ཟམ་རྫོང་སྤུས་ལེགས་ཁང་ཁོངས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་ལས་བཟོ་ཞའོ་ཞུའེ་ཡི་གཅེས་སེམས་དངོས་རྫས་རེད། ས་འགུལ་བྱུང་སྐབས་ཁོ་གྲོགས་པོའི་སྤྱི་གཉེར་ཁང་ནང་དུ་སློབ་སྦྱོང་བྱེད་བཞིན་ཡོད།“ཆུ་འཐུང་རྒྱུ་དང་ཟ་མ་ཟ་རྒྱུ་ནི་གནད་དོན་ཆེས་ཆེ་བ་ཡིན་པས་སྔོན་ལ་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱ་དགོས” ཞའོ་ཞུའེ་ཡིས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་བཟའ་བཅའ་ནི་ཆེས་དགོས་མཁོ་ཆེ་ཤོས་ཡིན་པ་དྲན་རྗེས་ཁོ་དང་གྲོགས་པོ་ཚོས་ལམ་སེང་གཏེར་ཆུ་སྒམ40དང་སྟབས་བདེའི་ཐུག་པ་སྒམ50ཉོས་ནས་རླངས་འཁོར་ཆུ་ཚོད4རིང་བསྐོར་ནས་ལྕགས་ཟམ་རྫོང་ནས་གདན་ཐོག་གྲོང་རྡལ་དུ་འབྱོར།

བཀོད་སྒྲིག་བྱ་ཡུལ་ཁག་ཏུ་གུང་ཁྲན་ཏང་ཡོན་དང་གུང་གཞོན་ཚོགས་པའི་ཚོགས་མི་མི་ཉུང་བ་ཞིག་ཀའོ་ཅན་ཕིང་དང་འདྲ་བར་མ་སྐུལ་དང་བླངས་ཀྱིས་རྩ་འཛུགས་བཙལ་ནས་མང་ཚོགས་ལ་ཞབས་ཞུ་ཡག་པོ་སྒྲུབ་ཀྱི་ཡོད་པ་རེད། སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད19ཡི་བར། གུང་གཞོན་ཚོགས་པ་ལྕགས་ཟམ་རྫོང་ཨུ་དང་གུང་གཞོན་ཚོགས་པ་དར་མདོ་གྲོང་ཨུས་འཕྲལ་སྡོམ་དང་བླངས་ཞབས་ཞུའི་དཔུང་སྡེ་ཛ་དྲག་ངང་བསྡུས་ནས་སྒྲིག་ལམ་སྲུང་སྐྱོང་དང་གནས་ཡུལ་དུག་སེལ། གུར་ཕུབ་པ། དངོས་ཟོག་མཁོ་སྤྲོད་སོགས་ཀྱི་དང་བླངས་ཞབས་ཕྱིའི་ལས་དོན་ནང་ཞུགས་པ་རེད། གུང་གཞོན་ཚོགས་པ་ཧྲི་མེན་རྫོང་ཨུས་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དང་ཕ་ཡུལ་དུ་ལོག་མཁན་སློབ་ཆེན་སློབ་མ72སྒྲིག་འཛུགས་བྱས་ནས་དང་བླངས་ཞབས་ཞུའི་ནང་ཞུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ཅའོ་ཡ་ཧུའེ་དང་བཅས་པ་རང་ཁུལ་དུ་འགུལ་འགོག་གནོད་སྐྱོབ་ཀྱི་སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བར་ཕེབས།
  • ལེ་ཚན་རྗེས་མ།:ཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་ལྕགས་ཟམ་ཁར་གཅེས་སེམས་ཕུལ།
  • དོ་སྣང་ཆེ་བའི་རྩོམ།