འགུལ་འགོག་གནོད་སྐྱོབ་ཁྲོད་དུ་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན།

སྐལ་ཐུབ་ཀྱིས་བསྒྱུར།        2022-09-11

   སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ལ་ས་འགུལ་རིམ་པ6.8བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་ཐེབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོང་ཆེན་བླ་ལྷག་ཏུ་གནང་བར་མ་ཟད་མཛུབ་སྟོན་གལ་ཆེན་ཡང་གནང་། འགུལ་འགོག་གནོད་སེལ་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་གནང་སྟེ། ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་ཧུར་ཐག་བྱ་དགོས་པའི་བླང་བྱ་བཏོན་གནང་བ་རེད། འབྲེལ་ཡོད་ཕྱོགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མགྱོགས་མྱུར་ལག་བསྟར་དོན་འཁྱོལ་བྱས་ནས་འགུལ་འགོག་གནོད་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

     རང་བྱུང་གནོད་འཚེ་ཚབས་ཆེན་ཐོན་ཐེངས་རེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་མ་ཐག་མཛུབ་སྟོན་གལ་ཆེན་གནང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་གནང་བ་རེད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་ཞིག་ཡིན་ལ། རང་རེའི་ཏང་གི་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པའི་འདུ་ཤེས་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་ཡིན་པས། གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་དུ་སྐྲུན་ཆེད་ཡིད་ཆེས་དང་སྟོབས་ཤུགས་ཆེན་པོ་བསྩལ་ཡོད།

     གནོད་འཚེའི་གནས་ཚུལ་ནི་བཀའ་ཡིན་ལ་དུས་ཚོད་ནི་ཚེ་སྲོག་རེད། ས་འགུལ་བྱུང་རྗེས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་འཛོམས་ཤིང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། མེ་ཟོན་རོགས་སྐྱོབ། ནགས་ཚལ་མེ་ཟོན། སྨན་བཅོས་རོགས་སྐྱོབ་སོགས་མི6000ལྷག་ཛ་དྲག་ངང་བསྐྱོད་དེ་ཚེ་སྲོག་གི་རོགས་སྐྱོབ་ཆེན་མོ་ཞིག་འཕྲལ་མར་བྱས་པ་རེད། ཆུ་བོས་བཀག་ན་རོགས་སྐྱོབ་མི་སྣས་ཤིང་བཅད་དེ་ཟམ་པ་བཙུགས་ནས་མང་ཚོགས300ལྷག་བདེ་སར་གནས་སྤོས་བྱས། ཐད་འཕུར་གནམ་གྲུ9འཚོལ་མྱུལ་དུ་འཕུར་ནས་མཁའ་དབྱིངས་ཀྱི་ཚེ་སྲོག་ལམ་བུ་བཏོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཛ་དྲག་གསོ་རིག་རོགས་སྐྱོབ་རུ་ཁག་མང་དུ་བཏང་བ་དང་སྦྲགས་རྒྱལ་ཁབ་རིམ་པའི་ནད་ཚབས་ཆེན་གྱི་ཆེད་རམས་པའི་ཚོ་ཆུང་གནོད་འཚེ་ཐེབས་ཡུལ་དུ་རྨས་མ་སྐྱོབ་བཅོས་ལ་མཛུབ་ཁྲིད་བྱེད་པར་མངགས་ཏེ་མི་སྣ་ཤི་རྨས་ཉུང་དུ་གང་ཐུབ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཚེ་སྲོག་ཉེན་མེད་ཀྱི་སྲུང་ར་བརྟན་པོ་ཞིག་བསྐྲུན་ཡོད་པ་རེད།

     མི་སྣ་གསར་པ་ཤི་རྨས་མི་ཡོང་བ་བྱས་ནས་ཞོར་ཐོན་གནོད་འཚེ་ཐོན་པར་དོགས་ཟོན་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་རེད། ས་འགུལ་གྱི་རྐྱེན་པས་རི་ཉིལ་རྡིབ་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་སྐབས་མི་མེད་གནམ་གྲུས་གནོད་འཚེའི་གནས་ཚུལ་ཕྱིར་སྐྱེལ་བ་དང་། འཕྲིན་གཏོང་དྲ་བ་བཙུགས་པ། རྒྱང་ཚོར་སྲུང་སྐར་གྱིས་མངོན་མེད་རྐྱེན་ངན་དབྱེ་འབྱེད་བྱེད་པ་སོགས་སྔོན་ཐོན་སྒྲིག་ཆས་དང་ལག་རྩལ་བྱ་ཐབས་སྤྱད་དེ་ཡུལ་དངོས་བཀོད་འདོམས་བཀོད་གཏོང་དང་ཞོར་ཐོན་གནོད་འཚེ་ཚགས་བཤེར་བྱེད་པར་འགན་ལེན་ནུས་ལྡན་བྱས་ཡོད།

     དོན་ཆེན་དཀའ་གནད་འཕྲད་དུས་འགན་འཁུར་བསམ་པ་ཤེས།། ཉེན་ཁའི་འགག་ལ་ཐུག་དུས་རང་བཞིན་ལྷག་པར་མངོན།། ཞེས་པ་ལྟར། འགུལ་འགོག་གནོད་སེལ་གྱི་ཏང་མི་འཕྲལ་རྒོལ་རུ་ཁག་གིས་འགྲོ་ལམ་མྱུར་བཟོའི་ལས་འགན་སྒྲུབ་པ་དང་། རྒྱལ་ཁབ་གློག་དྲྭའི་གུང་ཁྲན་ཏང་མི་ཞབས་ཞུ་རུ་ཁག་གིས་གནོད་འཚེ་ཕོག་ཡུལ་མང་ཚོགས་ལ་འོད་སྣང་བྱིན། ཏང་མི་ལས་བྱེད་པས་གདོང་མཆོང་སྔོན་ལ་བྱེད་པ་དང་། ལས་འགན་ལྗིད་པོ་ཁུར་ཏེ་ཏང་གི་དར་ཆ་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་སུ་ལྷབ་ལྷུབ་ཏུ་གཡོ་རུ་བཅུག་ཡོད། དུས་དང་རྣམ་པ་ཀུན་ཏུ་བློ་སེམས་མི་བདེ་བའི་འགན་འཁྲིའི་བསམ་པ་སྲུང་འཛིན་དང་། ལས་དོན་ཁག་དངོས་སུ་དམ་འཛིན་དང་ཞིབ་ཚགས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་སྲིད་གཞུང་གི་བརྩེ་སེམས་དྲོན་མོ་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་ཁྱབ་པར་བྱས་ཡོད། ས་འགུལ་བྱུང་སའི་བཀོད་སྒྲིག་བྱ་ཡུལ་དུ་ད་དུང་གཞོན་ནུ་དང་བླངས་པས་གནོད་འཚེ་ཐེབས་ཡུལ་གྱི་བྱིས་པ་དང་མང་ཚོགས་ལ་སེམས་གསོ་དང་། སེམས་ཁམས་ཁྲིད་སྟོན། འཚོ་བའི་ཞབས་ཞུ་བཅས་མཁོ་འདོན་བྱས་ཡོད། ཏང་མི་ལས་བྱེད་པ་འཛེམ་བག་མེད་པ་མདུན་དུ་བསྐྱོད་པ་དང་། ཕྱོགས་ཁག་སྟོབས་ཤུགས་ཀྱིས་བྱ་སྤྱོད་སྤེལ་ནས་སེམས་མཐུན་ལས་སྒྲུབ་ཀྱི་སྟོབས་ཤུགས་དྲོད་ཁོལ་ལྡན་པ་གཅིག་ཏུ་བསྒྲིལ་ཡོད།

     ས་འགུལ་བྱུང་བའི་ཉིན་དེར་སྦྲུམ་མ་ཧྲ་ལགས་བརྒྱུད་བསྐྱལ་བྱས་ཏེ་བུ་བཙའ་ཐུབ་ཡོད་པས་དེ་གར་ཡོད་པའི་སྨན་པ་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར། ཕྲུ་གུ་གསར་དུ་སྐྱེས་པའི་ངུ་སྒྲ་ལས་རེ་བ་གསར་པ་མཚོན་ཞིང་། དེ་ལས་ཀྱང་མདུན་སྐྱོད་ཀྱི་སྟོབས་ཤུགས་བསླངས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སེམས་ནུས་གཅིག་སྒྲིལ་དང་མྱུར་སྐྱོབ་གནོད་སེལ་བྱེད་པ་ཡིན་ན། ང་ཚོས་ས་འགུལ་གྱི་གནོད་འཚེ་ལས་རྣམ་པར་རྒྱལ་ཞིང་ཁྱིམ་གཞིས་མཛེས་སྡུག་ལྡན་པ་བསྐྱར་སྐྲུན་ཐུབ་ཅིང་། བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཐུབ་ངེས་སོ།།



  • ལེ་ཚན་སྔོན་མ།:འགུལ་འགོག་གནོད་སྐྱོབ་ལས་དོན་སྔར་བཞིན་ཛ་དྲག་ངང་སྤེལ་བཞིན་ཡོད།
  • ལེ་ཚན་རྗེས་མ།:ཅའོ་ཡ་ཧུའེ་དང་བཅས་པ་རང་ཁུལ་དུ་འགུལ་འགོག་གནོད་སྐྱོབ་ཀྱི་སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བར་ཕེབས།
  • དོ་སྣང་ཆེ་བའི་རྩོམ།