འགུལ་འགོག་གནོད་སྐྱོབ་ལས་དོན་སྔར་བཞིན་ཛ་དྲག་ངང་སྤེལ་བཞིན་ཡོད།

ཨོ་རྒྱན་གྱིས་བསྒྱུར།        2022-09-11

    སྤྱི་ཟླ9ཚེས10ཉིན་གྱི་ཕྱི་དྲོར“9·5”ཡི་ལྕགས་ཟམ་ཁའི་ས་འགུལ་གྱི་ཞིང་ཆེན་དང་ཁུལ(གྲོང་ཁྱེར)། རྫོང་མཉམ་འབྲེལ་བཀོད་འདོམས་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་གཡག་རྔ་གྲོང་ཁྱེར་སྲིབ་སྨད་རྫོང་དུ་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས10ཉིན་གྱི་ཆུ་ཚོད14བར་ས་འགུལ་ནང་ཁྱོན་མི88རྐྱེན་ལམ་དུ་ཤོར་བ(དེའི་ནང་ལྕགས་ཟམ་རྫོང་གི་མི50དང་སྲིབ་སྨད་རྫོང་གི་མི38ཡོད)དང་། མི30དང་འབྲེལ་བ་ཆད་པ(ལྕགས་ཟམ་རྫོང་གི་མི14དང་སྲིབ་སྨད་རྫོང་གི་མི16ཡོད)རྨས་མ420ལྷག་ཙམ(དེའི་ཁྲོད་དུ་མི10ལ་རྨས་ཆེས་ལྗིད་མོ་ཕོག་པ་དང་མི39ལ་རྨས་ལྗིད་མོ་ཕོག་ཡོད)། མིག་སྔར་རྨས་མ260ལྷག་ཙམ་ལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།

     བརྡ་ཁྱབ་ལ་གཞིགས་ན། མིག་སྔར་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་ཀྱིས་སྔར་བཞིན་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་འཚོལ་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་དང་། འབྲེལ་བ་ཆད་པའི་མི30ལ“གཅིག་གཏད་གཅིག”གི་སྒོ་ནས་འཚོལ་བཤེར་གྱི་ལས་དོན་སྤེལ་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་རྨས་མར་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཧྭ་ཤིས་སྨན་ཁང་དང་ཞིང་ཆེན་སྨན་ཁང་གི་ཆེད་མཁས་པ་ཚོགས་པས“གཅིག་གཏད་གཅིག”གི་སྐྱོབ་བཅོས་ཇུས་གཞི་བཟོས་ཤིང་། ནུས་ཤུགས་ཡོད་རྒུས་བཏོན་ནས་རྨས་མར་སྲོག་སྐྱོབ་བྱེད་བཞིན་ཡོད་པ་རེད། གཞན་ཡང་ནུས་ཤུགས་ཡོད་རྒུས་ཞིང་ཆེན་རིམ་པའི་ལམ་ཐིག་ཐའོ་པའོ་ནས་སྲིབ་སྨད་བར་གྱི་སྤྱི་ལེ8ཙམ་གྱི་ལམ་དུམ་བུ་སྔར་བཞིན་མྱུར་བཟོའི་ལས་དོན་སྤེལ་བཞིན་ཡོད་པ་ཕུད། ས་འགུལ་ཁུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དུ་སྤྱིའི་ཆ་ནས་ཤར་གཏོང་ཐུབ་ཡོད། ཡུལ་ཤོག་དང་གྲོང་རྡལ་གྱི་འཕྲིན་གཏོང་ཁྱོན་ཡོངས་ནས་སླར་གསོ་ཐུབ་ཅིང་། མྱུར་བཟོ་བྱས་པའི་གློག་སྒྱུར་ས་ཚུགས8དང་གློག་འདྲེན་སྐུད་ལམ60སླར་གསོ་བྱས་པ་དང་དུད་ཚང37600ལྷག་ཙམ་ལ་གློག་གཏོང་རྒྱུ་སླར་གསོ་ཐུབ་ཡོད།

     གྲོང་ཁྱེར་དང་གྲོང་རྡལ་གྱི་ཁང་ཚན16052བ་དང་། གྲོང་སྲིད་གཞུང་ལམ་སྤྱི་ལེ55དང་གྲོང་སྲིད་མཁོ་བསྒྲིགས48བཅས་ལ་བདེ་འཇགས་ཀྱིས་མཁོ་བསྟུན་དཔྱད་དཔོག་བྱས་ཤིང་། ལྕགས་ཟམ་རྫོང་གི་མཁོ་བསྟུན་དཔྱད་དཔོག་ལས་ཀའི་ཕལ་ཆེར་ལེགས་འགྲུབ་བྱུང་ཞིང་། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁག195གསར་དུ་བྱུང་བར་རེ་རེ་བཞིན་འགོག་ཟོན་བྱ་ཐབས་དོན་འཁྱོལ་བྱས་ཡོད། ཆུ་བེད་ལས་གྲྭ6384ལ་གྲལ་བཤེར་བྱས་པའི་ནང་ཆུ་མཛོད་གློག་ཁང1969དང་གཙོ་གནད་ཆུ་མཁོ་འདོན་ལས་གྲྭ2596། གཏོར་སྐྱོན་ཕོག་པའི་ལས་གྲྭ558ལ་འཚུབ་བསྟུན་བཀོད་སྒྲིག་བྱས། ཝན་ཏུང་གཙང་པོའི་ཆུ་འགག་རགས་གཏོར་ནས་གཙང་པོ་འཁྱིལ་བའི་ཉེན་ཁ་ཕལ་ཆེར་མེད་པར་བཟོས་ཡོད་པ་དང་། མིག་སྔར་འགུལ་འགོག་གནོད་སྐྱོབ་ཀྱི་ལས་དོན་ཁག་སྔར་བཞིན་ཛ་དྲག་ངང་སྤེལ་བཞིན་ཡོད།

     གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་མུ་མཐུད་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་རྨས་མ་སྐྱོབ་བཅོས་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་སྔར་བས་ཡག་པོ་བྱེད་པ། ཞོར་ཐོན་གནོད་འཚེ་འགོག་རྒྱུར་ཤུགས་བསྣན་པ། རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བྱས་ནས་ཤར་གཏོང་དང་སླར་གསོ་བྱེད་མགྱོགས་སུ་གཏོང་བ། གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད།



  • ལེ་ཚན་སྔོན་མ།:ས་འགུལ་རྗེས་ཀྱི་ལྕགས་ཟམ་ཉམས་གསོ་བྱེད་བཞིན་ཡོད།
  • ལེ་ཚན་རྗེས་མ།:འགུལ་འགོག་གནོད་སྐྱོབ་ཁྲོད་དུ་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན།
  • དོ་སྣང་ཆེ་བའི་རྩོམ།