ཧྲེན་དབྱང་གིས་ལྕགས་ཟམ་རྫོང་དུ་གནོད་སྐྱོབ་ལས་ཀར་རྟོག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-09-15

    སྤྱི་ཟླ9པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དང་གྲོང་སྡེའི་ཚོ་ཆུང་། ཁེ་ལས། གྲོང་མི་བཅས་ཀྱི་ཁྱིམ་དུ་ཕེབས་ནས་འགྲོ་ལམ་དང་ཟམ་པ། ས་གཤིས་བཅས་ཀྱི་གནོད་འཚེ་ཐེབས་ཁུལ་དུ་གཟིགས་ཞིབ་དང་། གནོད་འཚེ་ཐེབས་པའི་མང་ཚོགས་དང་གཞི་རིམ་གྱི་ཏང་མི་ལས་བྱེད་པར་བདེ་འདྲི་གནང་བ་དང་ཆབས་ཅིག། སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་བྱུང་བའི་ས་འགུལ་གྱི་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡི་ཆེད་དོན་ཚོགས་འདུ་སྐོང་ཚོགས་བྱས་ཏེ། བར་བརྒལ་བཀོད་སྒྲིག་དང་ས་འགུལ་བྱུང་ཡུལ་གྱི་ཉམས་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཞིབ་འཇུག་བྱས་ནས་བཀོད་སྒྲིག་མཛད་པ་རེད།

     ཧྲེན་དབྱང་གིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་རང་ཁུལ་དུ་ཕེབས་ནས་བརྟག་ཞིབ་གནང་སྐབས་མང་ཚོགས་བར་བརྒལ་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། མི་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་ནས་དོན་དངོས་གནས་ཚུལ་དང་མང་ཚོགས་ཀྱི་བསམ་བློར་བསམ་གཞིག་གང་ལེགས་གཏོང་བ། བར་བརྒལ་བཀོད་སྒྲིག་གི་ལས་དོན་སོ་སོ་བརྟན་ཁྲོད་གོ་རིམ་ལྡན་པའི་སྒོ་ནས་དམ་འཛིན་བྱས་ཏེ། ས་འགུལ་བྱུང་རྗེས་ཀྱི་རྗེས་མཐུད་ཉམས་གསོ་བསྐྱར་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གསུང་གནང་བ་རེད།

     འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡི་ཆེད་དོན་ཚོགས་འདུའི་ཐོག། ཧྲེན་དབྱང་གིས་ནན་གསུང་གནང་དོན། མིག་སྔར་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་དང་མང་ཚོགས་བར་བརྒལ་བཀོད་སྒྲིག་མུ་མཐུད་ནས་ཡག་པོ་བྱེད་པའི་དུས་མཚུངས་སུ། ས་འགུལ་བྱུང་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་བྱེད་མཁན་གྱི་རྩ་འཛུགས་མ་ལག་འཛུགས་སྐྱོང་དང་དེ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་ནང་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཉམས་གསོ་བསྐྱར་སྐྲུན་བྱས་རྗེས་ཀྱི་གནོད་འཚེ་ཐེབས་ཁུལ་གྱི་སྐྱེ་ཁམས་དེ་བས་མཛེས་པོ་་དང་རྨང་གཞི་དེ་བས་བརྟན་པོ། ཐོན་ལས་དེ་བས་སྟོབས་ཆེ་བ། སྒྲིག་བཀོད་དེ་བས་ལེགས་པོ་བཅས་ཡོང་བ་བྱ་དགོས།འཆར་འགོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ནས་གནོད་འཚེའི་གྱོང་གུན་དཔྱད་དཔོག་ལས་དོན་ཁྱོན་ཡོངས་དང་ཞིབ་ཚགས་སྤེལ་ནས་ཚན་རིག་དང་མཐུན་པའི་གནོད་འཚེ་བྱུང་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་གྱི་འཆར་འགོད་བཟོ་དགོས། དམངས་འཚོ་སྔོན་སྤེལ་དམིགས་བསལ་དུ་མངོན་པ་བྱས་ཏེ། གནོད་འཚེ་བྱུང་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་དེ་ཡུལ་སྡེ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་དགོས་པ་དང་། གནོད་འཚེ་ཐེབས་ཁུལ་དབུལ་པོ་བསྐྱར་ལོག་བྱུང་བར་སྔོན་འགོག་བྱེད་པའི་རོགས་སྐྱོབ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏང་དགོས། གནོད་འཚེ་ཐེབས་ཁུལ་གྱི་སྡོད་ཁང་དང་སློབ་གསོ། འཕྲོད་བསྟེན། འཚུལ་བསྟུན། སྤྱི་པའི་ཞབས་ཞུ་བཅས་ལ་ཤུགས་བསྣན་ནས་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་རྒྱུན་མཐུད་དེ་ལེགས་སུ་ཕྱིན་པ་དང་གནོད་འཚེ་ཐེབས་ཁུལ་གྱི་དམངས་འཚོ་རྒྱུན་མཐུད་དེ་ལེགས་སུ་གཏང་དགོས། ཐོན་ལས་ཀྱིས་མི་དམངས་ཕྱུག་པོར་ཆགས་པར་བརྟེན་ནས་གནོད་འཚེ་ཐེབས་ཁུལ་གྱི་ཐོན་ལས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་ནས་གནོད་འཚེ་ཐེབས་ཁུལ་ཐུན་མོང་ཐོག་ཕྱུག་པོར་ཆགས་རྒྱུར་སྐུལ་འདེད་གཏང་དགོས། སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱས་ཏེ་གནོད་འཚེ་ཐེབས་ཁུལ་ཉམས་གསོ་བསྐྱར་སྐྲུན་གྱི་རྒྱལ་ས་ཐོན་ཁུངས་ཀྱི་བར་མཐོངས་འཆར་འགོད་ཚན་རིག་དང་མཐུན་པ་བཟོས་ནས་གནོད་འཚེ་ཐེབས་རྗེས་སྐྱེ་ཁམས་ཉམས་གསོ་ཏན་ཏིག་བྱ་དགོས། རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་གནོད་འཚེ་ཐེབས་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་འཆར་འགོད་དང་ཆེད་དོན་འཆར་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། འགྲིམ་འགྲུལ་དང་ཆུ་བེད། གློག་ཤུགས། འཕྲིན་གཏོང་བཅས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞན་ཆ་སེལ་ནས་གནོད་འཚེ་ཐེབས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་མགྱོགས་མྱུར་དུ་ཉམས་གསོ་ཡོང་བ་བྱ་དགོས།།


  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གི་སློབ་གྲྭ31གི་སློབ་འགོ་བསྐྱར་དུ་བཙུགས་ཐུབ་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10