བྱ་ཐབས་4ཐོག་ནས་བུ་བཅོལ་ཁང་དུ་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-09-15

   སྤྱི་ཟླ9པའི་ཚེས9ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་སློབ་གསོའི་བསྒྱུར་བཅོས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་སྐོར་ལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག ལུས་ཡུས་ཀང་གིས། སློབ་ལོ་མ་ལོན་གོང་གི་སློབ་གསོའི་ལོ་ངོ་བཅུའི་འཕེལ་རྒྱས་བརྒྱུད་རིམ་ལ་ཕྱིར་དྲན་གནང་བ་དང་། བུ་བཅོལ་ཁང་དུ་ཞུགས་དཀའ་བ་དང་བུ་བཅོལ་ཁང་གི་སློབ་ཡོན་མཐོ་བའི་གནད་དོན་ཏེ་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་སེམས་ཁྲལ་ཆེ་བའི་གནད་དོན་གཙོ་གནད་ཐག་གཅོད་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་ཡང་ཞིབ་ཕྲའི་བྱ་ཐབས་གཤམ་གསལ་གྱི་ཁག་བཞི་བཟུང་ཡོད་ཅེས་ངོ་སྤྲོད་གནང་ཡོད།

བྱ་ཐབས་4ཐོག་ནས་བུ་བཅོལ་ཁང་དུ་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ།

    དང་པོ། གོང་འཕེལ་གྱི་ཁ་ཕྱོགས་དམ་འཛིན་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་སློབ་གསོ་གོང་འཕེལ་བཏང་བ་དང་། སློབ་ལོ་མ་ལོན་གོང་གི་སློབ་གསོའི་སྤྱི་ཕན་ཀུན་ཕན་གྱི་གཞི་རྩའི་ཁ་ཕྱོགས་དམ་འཛིན་གང་ལེགས་བྱས་ཡོད།

     གཉིས་ནས། ཆེད་དོན་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ། སློབ་གསོ་པུས་འབྲེལ་ཡོད་ཚན་པ་དང་མཉམ་དུ་བྱ་སྤྱོད་འཆར་གཞི་མང་པོ་བསྟུད་མར་ལག་བསྟར་བྱས་པ་དང་།   ཀྲུང་དབྱང་གིས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་༡༩༦༠བཀོད་སྒྲིག་གིས་སློབ་ལོ་མ་ལོན་གོང་གི་སློབ་གསོར་རྒྱབ་སྐྱོར་བྱེད་པའི་ཐད་བཏང་ནས་སྐུལ་འདེད་གཏོང་ཤུགས་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་ཡོད།

     གསུམ་ནས། ཀུན་ཕན་ཐོན་ཁུངས་རྒྱ་ཆེར་བཏང་བ་དང་། གཞུང་བཙུགས་བུ་བཅོལ་ཁང་གོང་འཕེལ་ཤུགས་ཆེན་བཏང་བས་སྤྱི་ལོ་༢༠༢༡ལོར་གཞུང་བཙུགས་བུ་བཅོལ་ཁང་གི་བསྡུར་ཚད་བརྒྱ་ཆ་༥༡དང་གྲངས་ཆུང་༩ཟིན་པ་དང་དུས་མཚུངས་སུ་དམངས་བཙུགས་བུ་བཅོལ་ཁང་གིས་ཀུན་ཕན་རང་བཞིན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་ནང་ཁུལ་གྱི་ཆ་སྒྲིག་བུ་བཅོལ་ཁང་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ལག་བསྟར་བྱས་ནས་བུ་བཅོལ་ཁང་ཉིས་ཁྲི་ལྷག་ཙམ་བཅོས་སྒྲིག་བྱས་པ་དང་། ཀུན་ཕན་རང་བཞིན་གྱི་སློབ་གནས་ཁྲི་༤༡༦མང་དུ་བཏང་བས་ཀུན་ཕན་རང་བཞིན་གྱི་སློབ་ལོ་མ་ལོན་གོང་གི་སློབ་གསོའི་ཐོན་ཁུངས་མངོན་གསལ་དོད་པོས་རྒྱ་ཆེར་སོང་ཡོད།

     བཞི་ནས། འཐུས་སྒོ་ཚང་བའི་ལམ་ལུགས་མ་ལག་བཙུགས་པ་དང་། བུ་བཅོལ་ཁང་གི་ལས་དོན་སྒྲིག་སྲོལ་དང་གྲོན་བསྡུའི་བྱ་ཐབས། བུ་བཅོལ་ཁང་དང་སློབ་ཆུང་སྦྲེལ་མཐུད་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཏོན་ཏེ་བུ་བཅོལ་ཁང་གི་སློབ་གཉེར་བྱ་སྤྱོད་དང་རྫོང་ཁོངས་ཀྱི་སློབ་ལོ་མ་ལོན་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་ཐད་མཛུབ་ཁྲིད་དཔྱད་དཔོག་བྱས་ཏེ་བུ་བཅོལ་ཁང་གཉེར་བའི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་བཏང་ཡོད་པ་རེད།

     ལུས་ཡུས་ཀང་གིས། གོམ་སྟབས་རྗེས་མར་སློབ་གསོ་པུས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་སློབ་ལོ་མ་ལོན་གོང་གི་སློབ་གསོ་གོང་འཕེལ་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་རྒྱལ་ཁབ་ཀྱི་མི་འབོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག ཕྲུ་གུ་གསུམ་གྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུར་ཞབས་ཞུ་དང་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།

     སྤྱི་ཡོངས་ཀྱི་དམིགས་ཚད་ཐད། སློབ་ལོ་མ་ལོན་གོང་གི་སློབ་གསོའི་ཁྱབ་གདལ་དང་ཀུན་ཕན་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་། སྤྱི་ལོ་༢༠༢༥ལོར་སླེབས་དུས་རྒྱལ་ཡོངས་སུ་སློབ་ལོ་མ་ལོན་གོང་གི་ལོ་གསུམ་གྱི་བུ་བཅོལ་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ་༩༠ཡན་ཟིན་པ་བྱ་རྒྱུ་དང་།  ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྱབ་ཚད་བརྒྱ་ཆ་༨༥ཟིན་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་ཅིང་བཀོད་སྒྲིག་ལུགས་མཐུན་ཡིན་པའི་སློབ་ལོ་མ་ལོན་གོང་གི་སློབ་གསོའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་རྒྱུ་རེད།

     སློབ་གནས་མཁོ་སྤྲོད་ཐད། མི་འབོར་གྱི་འགྱུར་ལྡོག་དང་འཕེལ་ཕྱོགས་ལ་གཞིགས་ནས་རྫོང་ཚན་པར་བྱས་ཏེ་བུ་བཅོལ་ཁང་དུ་ཞུགས་པའི་དགོས་མཁོ་སྔོན་དཔག་བྱེད་དགོས་པ་དང་། ཐབས་ལམ་སྣ་ཚོགས་བརྒྱུད་དེ་སློབ་ལོ་མ་ལོན་གོང་གི་སློབ་གསོའི་ཐོན་ཁུངས་སྔར་བས་རྒྱ་ཆེར་གཏོང་རྒྱུ། ལྷག་པར་དུ་ཀུན་ཕན་རང་བཞིན་གྱི་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས་འཛིན་གྲྭ་གཅིག་ལ་སློབ་མ་མང་བའི་གནད་དོན་སེལ་ཐུབ་པ་དང་། ལོ་ཚད་ལོན་པའི་ཕྲུ་གུ་བུ་བཅོལ་ཁང་དུ་འགྲོ་བའི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ།

     སྲིད་ཇུས་འགན་སྲུང་ཐད། ཀུན་ཕན་རང་བཞིན་གྱི་སློབ་ལོ་མ་ལོན་གོང་གི་སློབ་གསོའི་འགན་སྲུང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོན་དངུལ་བེད་སྤྱོད་དང་མ་གནས་འགན་བགོས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བུ་བཅོལ་ཁང་དུ་དགེ་རྒན་བཀོད་སྒྲིག་དང་ཐོབ་ཆའི་འགན་སྲུང་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

     རིག་ཚན་སློབ་གསོའི་ཐད། རོལ་རྩེད་བྱེད་སྒོ་གཙོ་བོར་འཇོག་རྒྱུ་རྒྱུན་འཁྱོངས་དང་། ཕྲུ་གུ་ཆུང་ཆུང་དང་ཚན་རིག་ཤེས་བྱ་གཉིས་མཐུན་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྲུ་གུ་སློབ་གྲྭར་ཞུགས་པའི་ཐད་ཀྱི་ཁྱིམ་བདག་གི་སེམས་ཁྲལ་སེལ་བ། བུ་བཅོལ་ཁང་གཉེར་བའི་སྤུས་ཚད་དཔྱད་དཔོག་མ་ལག་འཐུས་ཚང་འཛུགས་པ་བཅས་བྱས་ནས་བུ་བཅོལ་ཁང་གི་ཚན་རིག་དང་མཐུན་པའི་སྒོ་ནས་བུ་བཅོལ་སློབ་གསོ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་ཡིན་པ་རེད།

  • ལེ་ཚན་སྔོན་མ།:མཚོ་སྔོན་བོད་སྨན་ཁག་ཅིག་བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་འགོག་བཅོས་ཇུས་གཞིའི་ནང་བཅུག་པ།
  • ལེ་ཚན་རྗེས་མ།:ལོ་ངོ་700ཡི་ལོ་རྒྱུས་ཡོད་པའི་བོད་ཀྱི་མཁར་རྫོང་གྲོང་ཚོ་ཞིག
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10