ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས།

ཐུབ་ཀྱིས་བསྒྱུར།        2022-10-14

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། 

ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་སྐོར་གྱི་བསམ་འཆར་བསྡུ་ལེན་བྱས།

ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་ཞིང་གསུང་བཤད་གལ་ཆེན་ཡང་གནང་།

ཝང་དབྱང་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧྲན་ཀྲེང་ཚོགས་འདུར་ཞུགས།


      ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10ཚེས13ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ8པའི་ཚེས31ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་གི་བསམ་འཆར་བསྡུ་ལེན་མ་ཟིན་ཐད་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོར་ཉན་འཇོག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ནས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ལས་འགན་གསར་པ་དང་བླང་བྱ་གསར་པར་དམིགས་ནས། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་ཁག་གིས་མཉམ་ལས་མཉམ་སྒྲུབ་བྱེད་པར་ཤུགས་བརྒྱག་དགོས་ཤིང་། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཆེས་རྒྱ་ཆེ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་ཞིང་། རིམ་གྲས་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་བློ་རིག་དང་སྟོབས་ཤུགས་གོང་བུར་འགྲིལ་གང་ཐུབ་དང་། སྤྱི་ཚོགས་ཡོངས་དང་མི་རིགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། མ་བསྐུལ་དང་ལེན་གྱི་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ཐུབ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཉམ་དུ་འབད་འཐབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་དབྱང་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧྲན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད། 

     བཞུགས་མོལ་ཚོགས་འདུའི་ཐོག། ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་གི་བསམ་འཆར་བསྡུ་ལེན་མ་ཟིན་གྲུབ་པའི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་། ཁོང་གིས་ཏང་ཕྱིའི་མི་སྣས་གང་བསམ་ལྷུག་བརྗོད་དང་ལྷག་བསམ་རྣམ་དག་གིས་ལྟ་ཚུལ་ཡང་དག་གནད་འཕིགས་བཏོན་ཏེ་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་གི་བསམ་འཆར་བསྡུ་ལེན་མ་ཟིན་ལ་བསམ་འཆར་འདོན་རྒྱུའི་རེ་བ་བཏོན་གནང་བ་རེད།

     བཞུགས་མོལ་ཚོགས་འདུའི་ཐོག།  ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝང་ཨོ་ཞང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་རྒྱུན་ལས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཞའོ་ཀོང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་ཀྲུའུ་ཞི་ཧུ་མིང་ཅིན། ཀྲུང་གོ་དམངས་གཙོ་སྐུལ་སྤེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་ཀྲུའུ་ཞི་ཁྲེན་ཀྲུའུ།  ཀྲུང་གོ་ཀྲི་ཀུང་ཏང་ཀྲུང་དབྱང་ཀྲུའུ་ཞི་ཝང་ཀང་།  དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཀྲུང་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀའོ་ཧུང་ཅུན་བཅས་ཀྱིས་སྔོན་རྗེས་སུ་གཏམ་བཤད་བྱས་པ་རེད།

    ཁོ་ཚོས་ངོས་འཛིན་བྱས་དོན། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ5དང་དུས་རབས་གསར་པའི་ལོ10ནི་རྒྱུན་ལྡན་དང་སྤྱིར་བཏང་གཏན་ནས་མིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ལ་སྤྱི་འདོམས་འཆར་འགོད་བྱས་ཤིང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བ་དང་ཉེན་ཁ་དང་འགྲན་སློང་ཆེན་པོ གཅིག་རྗེས་གཉིས་མཐུད་དུ་བྱུང་བར་ཁ་གཏད་སྟོབས་ལྡན་བཅལ་ཞིང་། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཀུན་ནས་སྐྲུན་ཐུབ་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ལོ་རྒྱུས་ཀྱི་ལེའུ་འོད་སྟོང་འཕྲོ་བ་ཞིག་བརྩམས་ཡོད། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་མ་ཟིན་དེས་མི་རིགས་བསྐྱར་དར་དང་ལོ་བརྒྱའི་འགྱུར་ལྡོག་གི་མཐོ་གནོན་བཙན་ས་ནས་འབྱུང་འགྱུར་ལོ5དང་ཐ་ན་དུས་ཡུན་དེ་བས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ཤིང་། བསམ་ཕྱོགས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་པ་དང་། ལོ་ངོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པར་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད།

     ཁོ་ཚོས་ད་དུང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཐུན་མོང་ངོས་འཛིན་ཆེ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྐད་བརྡའི་མ་ལག་དང་། འཁོར་རྒྱུག་གཉིས་ཀྱི་ཆགས་སྟངས་འོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་སྐུལ་འདེད་དང་། བྱང་ཤར་དར་རྒྱས་གཏོང་བར་སྐུལ་འདེད། འཐབ་ཕྱོགས་གཅིག་གྱུར་དང་སྲིད་ཏང་ལམ་ལུགས་གསར་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན། ཏང་ཕྱིའི་ཤེས་ཡོན་ཅན་གྱི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལེགས་སྒྲུབ། རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། གསར་གཏོད་ཅན་གྱི་ཁེ་ལས་པ་གསོ་སྐྱོང་། མཐོ་རིམ་སློབ་གྲྭའི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། འཕྲོད་བསྟེན་གྲོན་དངུལ་བརྟན་པོའི་ངང་འཇོག་པའི་ནང་སྲོལ་འཛུགས་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད།

     ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་འཆར་ཟིན་འགོད་པའི་ལས་དོན་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་གྲ་སྒྲིག་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་མཐུན་ཞིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་དུས་བབ་གསར་པ་དང་ལས་འགན་གསར་པ་དང་འཚམ་པ་བཅས་ཀྱི་ཚོགས་ཆེན་གྱི་སྙན་སེང་འཆར་ཟིན་འགོད་ཆེད་ང་ཚོས་དམངས་གཙོ་དར་སྤེལ་གང་ལེགས་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན། བསམ་འཆར་ལ་རྒྱ་ཁྱབ་ངང་ཉན་འཇོག། ཕྱོགས་ཁག་གི་བློ་རིག་གཅིག་སྡུད་བཅས་བྱས་ཡོད། ཏང་ཕྱིའི་མི་སྣའི་ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ལ་བཏོན་པའི་བསམ་འཆར་དང་གྲོས་འགོར་ཉན་རྒྱུ་དེ་ནི་ཆབ་སྲིད་གྲོས་མོལ་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ་ཏང་ཕྱིའི་མི་སྣས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་ཆེད་ཐབས་འདོན་ཇུས་འདོན་གྱི་བྱེད་ཐབས་ཕན་འབྲས་ལྡན་པ་ཞིག་ཀྱང་རེད་ཅེས་གསུངས།

   ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ད་ལོའི་ཟླ་བ2པའི་ཟླ་སྨད་དུ་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མངགས་བཅོལ་བྱས་ཏེ་ཆེད་མངགས་ཏང་ཕྱིའི་མི་སྣས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་གྲོས་གཞིར་བཏོན་པའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཤིང་། ཚང་མས་བསམ་འཆར་དང་གྲོས་འགོ་རིན་ཐང་ལྡན་པ་མི་ཉུང་བ་ཞིག་བཏོན་ཡོད། ད་ལོའི་ལོ་སྟོད་ནས་བཟུང་། དམངས་གཙོའི་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་རྣམ་པ་འདྲ་མིན་སྣ་ཚོགས་བརྒྱུད་དེ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་སྤུས་ཚད་མཐོ་བ་ཁག་ཅིག་ཐོབ་པ་དང་། བསམ་འཆར་དང་གྲོས་འགོ་རིན་ཐང་ལྡན་པ་མང་པོ་བཏོན་ཡོད། ད་གིན་ལྷན་རྒྱས་ཀྱི་གཏམ་བཤད་ནང་དུ་གྲོས་འགོ་ཡག་པོ་སྔར་ལས་ལྷག་པར་བཏོན་ཡོད་པས་ང་ཚོས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱ་རྒྱུ་ཡིན།  

    ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཚང་མར་ཐུགས་རྗེ་ཆེ་ཞུས་པ་རེད།

  ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན། དུས་རབས་གསར་པའི་ལོ་བཅུའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེ་ནི་ཀྲུང་གུང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བྱས་པའི་འབྲས་བུ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་ཞིག་ཡིན་ལ། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཚུད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་རྒྱ་ཆེན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཀྱང་རེད།

 ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་པ་ཆེ་རུ་གཏོང་བ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་བྲིས་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་དང་། འབད་འཐབ་ཀྱི་དམིགས་འབེན། འཐབ་ཇུས་ཀྱི་བཀོད་སྒྲིག་བཅས་ལ་དམིགས་ཏེ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པའི་རྣམ་པ་གསོན་ཉམས་ལྡན་པ་ཆགས་པ་བྱ་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཀྲུང་གུང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་ཡོང་བ་སྲུང་འཛིན་དང་། མཐིལ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཅས་བྱས་ནས། སྤྱི་ཚོགས་ཀྱི་འབྲེལ་བ་མཐུན་སྦྱོར་དང་། སྤྱི་ཚོགས་ཀྱི་འགལ་བ་འདུམ་གཅོད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཁྲོད་རང་སོ་སོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས། ཆབ་སྲིད་འབྲེལ་མཐུད་ཆེན་པོ་བྱས་ནས་ཆབ་སྲིད་རང་བཞིན་དང་། བརྒྱུད་འཛིན་རང་བཞིན། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བ་དང་། ཏང་དང་བློ་སེམས་གཅིག་མཐུན། རྒྱལ་གཅེས་དམངས་གཅེས། མཉམ་ལས་ཟོལ་མེད། ལས་བརྩོན་བློས་འབུལ་བཅས་ཀྱི་ཏང་མང་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་བརྒྱུད་འཛིན་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

    ཏིང་ཞུའེ་ཞང་དང་། ཝང་ཁྲེན། ལིའུ་ཧོ། ཞུས་ཆི་ལེའང་། སུན་ཁྲུན་ལན། དབྱང་ཞའོ་ཏུའུ། ཁྲེན་ཞི། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཡིའུ་ཆོན། ཝང་དབྱི། ཞའོ་ཅེ། ཀྲང་ཆིང་ལི། ཞ་པའོ་ལུང་། ཧོ་ལི་ཧྥེང་བཅས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཏང་ཕྱིའི་མི་སྣ་གྲས་སུ་ཀྲེན་ཅན་པང་དང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧོ་ཝུའེ། ཧྲའོ་ཧུང་། ཅང་ཙུའོ་ཅུན། ལི་ཡུའེ་ཧྥེང་། ཧོང་ཡུས་ཀོང་སོགས་ཡོད།།


  • ལེ་ཚན་སྔོན་མ།: ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།