《2021ལོ་ནས2035ལོའི་བར་གྱི་རྒྱལ་ཁབ་གནའ་དཔེ་ལས་དོན་འཆར་འགོད》སྤྱི་བསྒྲགས་ལག་བསྟར་བྱས་པ།

    མི་དམངས་དྲ་བ།    2022-10-13

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཡོངས་གནའ་དཔེ་དག་སྒྲིག་པར་སྐྲུན་འཆར་འགོད་མགོ་ཁྲིད་ཚན་ཆུང་གིས《2021ལོ་ནས2035ལོའི་བར་གྱི་རྒྱལ་ཁབ་གནའ་དཔེ་ལས་དོན་འཆར་འགོད》དཔར་འགྲེམས་བྱས་པ་དང་། རྒྱལ་ཡོངས་ཀྱི་གནའ་དཔེ་ལས་དོན་གྱི་གཙོ་གནད་ཁ་ཕྱོགས་དང་གཙོ་གནད་ལས་འགན། གཙོ་གནད་བཟོ་འགོད་ལས་གཞི་བཅས་ཀྱི་ཐད་འཆར་འགོད་བཀོད་སྒྲིག་བྱས།

     འཆར་འགོད་ཀྱིས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི་དུས་རབས་གསར་བའི་གནའ་དཔེ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། རྒྱལ་ཡོངས་གནའ་དཔེ་ལས་དོན་ཚོགས་འདུའི་བླང་བྱ་དངོས་འབེབས་བྱས་ཏེ། དུས་རབས་གསར་བའི་གནའ་དཔེ་ལས་དོན་གྱི་ཁྱོན་ཡོངས་ལ་རྐང་ཚུགས་ནས། གནའ་དཔེ་ལས་དོན་འཕེལ་རྒྱས་ཀྱི་དམིགས་འབེན་ལ་གཞིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཤིང་། མ་ལག་དང་ལྡན་པའི་སྒོ་ནས་གནའ་དཔེ་སྲུང་སྐྱོབ་དང་དག་སྒྲིག པར་སྐྲུན། བེད་སྤྱོད་བཅས་ཀྱི་ལས་དོན་ལ་འཆར་འགོད་སྐུལ་འདེད་གཏོང་རྒྱུ་རེད།

      འཆར་འགོད་ལ་གཞུང་དངོས་དང་ཟུར་བཀོད་ཚན་པ་གཉིས་ཀྱིས་གྲུབ་ཡོད། གཞུང་དངོས་ལ་སྤྱིའི་བླང་བྱ་དང་གཙོ་གནད་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད། གནའ་དཔེ་མྱུར་སྐྱོབ་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། གནའ་དཔེ་དག་སྒྲིག་ཞིབ་འཇུག་ནུས་ཤུགས་མཐོར་འདེགས་གཏོང་བ། གནའ་དཔེ་དག་སྒྲིག་པར་སྐྲུན་ཆུ་ཚད་མཐོར་འདེགས་པ། གནའ་དཔེ་གྲངས་གཞི་ཅན་གྱི་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ། གནའ་དཔེ་ཐོན་ཁུངས་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ། གསུང་རབ་གནའ་དཔེ་ཕྱི་ཕྱོགས་དྲིལ་སྒྲོག་ལ་སྐུལ་འདེད་གཏོང་བ། གནའ་དཔེ་འཇོན་མི་དཔུང་སྡེ་འཛུགས་སྐྲུན་ལམ་སྲོལ་གསར་སྐྲུན་བྱེད་པ། རྩ་འཛུགས་ལག་བསྟར་སོགས་ཚན་པ10ཡོད་པ་དང་། གཙོ་གནད་བཟོ་འགོད་དང་གནའ་དཔེ་སྲུང་སྐྱོབ་བཟོ་འགོད། གནའ་དཔེ་དག་སྒྲིག་ཞིབ་འཇུག་དང་པར་སྐྲུན་བཟོ་འགོད། གནའ་དཔེ་གྲངས་གཞི་ཅན་གྱི་བཟོ་འགོད། གནའ་དཔེ་ཐོན་ཁུངས་ཁྱབ་གདལ་བཟོ་འགོད། གནའ་དཔེ་ཕྱི་ཕྱོགས་དྲིལ་སྒྲོག་བཟོ་འགོད། གནའ་དཔེ་འཇོན་མིའི་བཟོ་འགོད་སོགས་ཆེད་དམིགས་ལེ་ཚན7བཀར་ཡོད་ལ། ཆེད་དམིགས་ལེ་ཚན་ནང་གཙོ་གནད་ལས་གཞི་དང་གཙོ་གནད་ལས་འགན40བཀོད་སྒྲིག་བྱས་ཡོད། ཟུར་བཀོད་ནང་གསེད་འདེམས་བྱས་པའི་སྐོར་ཐེངས་དང་པོའི་གཙོ་གནད་པར་སྐྲུན་ལས་གཞི421བཀོད་ཡོད།

     གནའ་དཔེ་ལས་དོན་འཆར་འགོད་རྩོམ་སྒྲིག་ནི་རྒྱལ་ཡོངས་གནའ་དཔེ་དག་སྒྲིག་པར་སྐྲུན་འཆར་འགོད་མགོ་ཁྲིད་ཚན་ཆུང་གི་འགན་འཁྲི་གཙོ་བོ་ཞིག་ཡིན་ཞིང་། ཐེངས་འདིར་འགྲེམ་སྤེལ་ལག་བསྟར་བྱས་པ་ནི་གནའ་ཚན་ཆུང་གིས་རྩོམ་སྒྲིག་བྱས་པའི་འཆར་འགོད་ཐེངས་བརྒྱད་པ་ཡིན། འཆར་འགོད་ནང་ས་གནས་དང་འབྲེལ་ཡོད་ལས་དོན་སྡེ་ཁག་སོ་སོས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་ལས་བགོ་ཁ་གསལ་བྱས་ཏེ། འཆར་འགོད་ལག་བསྟར་ལ་དངོས་གནས་སྐུལ་འདེད་སྒོས་གནའ་དཔེ་ལས་དོན་ཁྲོད་དུས་ཡུན་རིང་བོར་འཆར་འགོད་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། ། 


  • ལེ་ཚན་སྔོན་མ།:《སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།: ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།