སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས།

ཐུབ་ཀྱིས་བསྒྱུར།        2022-10-16

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ།

ཝང་ཞའོ་ཧུའེ་ཚོགས་དཔོན་དང་། ཧོང་ཆང་ཚོགས་དཔོན་གཞོན་པ། ཁྲེན་ཝེ་དྲུང་ཡིག་ཆེན་མོ་ལ་བདམས།


སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས།

     སྤྱི་ཟླ10ཚེས15ཉིན་གྱི་སྔ་དྲོར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་བཅའ་སྡོད་བྱ་ཡུལ་དུ་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

     ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གནང་བའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་སྐོར་གྱི་སྙན་སེང་དང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས་ཤིང་། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི། དྲུང་ཡིག་ཆེན་མོའི་གྲོས་འགོའི་མིང་ཐོ་སོགས་ལ་གྲོས་བསྡུར་བྱས། ཝང་ཞའོ་ཧུའེ་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་ཚོགས་དཔོན་དང་། ཧོང་ཆང་ཚོགས་དཔོན་གཞོན་པ། ཁྲེན་ཝེ་དྲུང་ཡིག་ཆེན་མོ་ལ་བདམས་པ་རེད།

སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས།

     ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་ནས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཚུན་གྱི་ལོ་གཅིག་གི་རིང་ལ། ཕྱི་རོལ་གྱི་ཁོར་ཡུག་ཉེན་ཁ་ཆེ་བ་དང་རྒྱལ་ནང་གི་བསྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བ་ལ་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྣེ་ཁྲིད་དེ་མིག་རྒྱང་རིང་པོར་བསྲིངས་ཤིང་། ཐབས་མཆོག་ཇུས་བཟང་བཏིང་བ་དང་། ཚན་རིག་དང་མཐུན་པར་ཁ་གཏད་འཇལ་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་གནད་ཆེན། དེ་བཞིན་ཕྱོགས་གང་ཅིའི་ཐད་ཀྱི་གཙོ་གནད་ལས་དོན་དམ་འཛིན་ཏན་ཏིག་བྱས་ཤིང་། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་པ་གསར་པ་བཏོད་དེ་དཔལ་འབྱོར་ཁོར་ཡུག་བརྟན་ལ་སྐྱོན་དང་བྲལ་བ་དང་། སྤྱི་ཚོགས་ཁོར་ཡུག་རྒྱལ་དར་དམངས་བདེ། ཆབ་སྲིད་ཁོར་ཡུག་སྲོལ་གཙང་ལུགས་དྲང་བཅས་སྲུང་འཛིན་ནུས་ལྡན་བྱས་ནས། འགག་སྒྲོལ་དཀའ་སེལ་ཁྲོད་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཁྲོད་ལོ་རྒྱུས་ཀྱི་རང་སྐུལ་ཐོབ་པར་སྐུལ་འདེད་བཏང་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་དུ་ལངས་ནས་ཏང་དང་རྒྱལ་ཁབ་ཀྱི་མདུན་དུ་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་ཞིང་། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གནད་དོན་གལ་ཆེན་འགའ་ཞིག་རྒྱས་བཤད་གཏིང་ཟབ་གནང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་ལེགས་པར་འཚོག་པའི་ཐད་བཀོད་སྒྲིག་གལ་ཆེན་གནང་བ་དང་བླང་བྱ་གསལ་པོ་བཏོན་གནང་བ་དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས། ང་ཚོས་ཚོགས་ཆེན་ཉི་ཤུ་པ་ལེགས་པར་འཚོག་པ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱང་སྐྱོད་གསར་པར་བསྐྱོད་པར་སློབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ཆེད་ཆབ་སྲིད་དང་། བསམ་བློ། རྩ་འཛུགས་བཅས་ཀྱི་ཐད་གྲ་སྒྲིག་གང་ལེགས་བྱས་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཚད་མཐོན་པོ་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་ཡག་པོ་འཚོག་དགོས།

     ཝང་ཞའོ་ཧུའེ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་ དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འགག་རྩའི་དུས་སུ་སྐོང་འཚོགས་བྱས་པའི་ཚོགས་ཆེན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྐུལ་མ་དང་སྐུལ་སློང་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་འགངས་ཆེ་ཞིང་གཏིང་ཟབ་ལྡན་པ་རེད། ཐེངས་འདིའི་ཚོགས་ཆེན་ལེགས་པར་འཚོག་རྒྱུ་ནི་འཐུས་མི་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་དང་། ལས་འགན་དང་འགན་འཁྲི་ཏན་ཏིག་ཁུར་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དེ་དར་ཆ་མཐོན་པོར་སྒྲེང་བ་དང་། སྟོབས་ཤུགས་གོང་བུར་འགྲིལ་བ། གདེང་ཚོད་ཡོད་ལ་རང་འབད་ཆེ་བ། མཐུན་སྒྲིལ་ཡར་བརྩོན་ཡིན་པ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་ཐུབ་པ་མཉམ་དུ་འབད་བརྩོན་བྱ་དགོས།

     ཝང་ཞའོ་ཧུའེ་ཡིས་ནན་གསུང་གནང་དོན། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱ་རྒྱུ་དེ་བླང་བྱ་ཨང་དང་པོར་བརྩིས་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱ་དགོས། འཐུས་མི་ལྷན་རྒྱས་ནི་སི་ཁྲོན་གྱི་ལས་རིགས་ཁག་དང་། ཁྱབ་ཁོངས་ཁག། འཐབ་ཕྱོགས་ཁག་ནས་ཡོང་བ་ ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་ཏང་མི་ས་ཡ5དང་འབུམ1ལྷག་གི་ཁྲོད་ནས་རིམ་ཁག་ཏང་རྩ་འཛུགས་ཀྱིས་རིམ་པ་བཞིན་བདམས་ཐོན་བྱུང་བའི་མི་སྣ་ཕུལ་བྱུང་དང་འཐུས་མི་ཕུལ་བྱུང་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མིའི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་ཁུར་ཡོད། དུས་རབས་གསར་པའི་ལོ་བཅུའི་ནང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་པའི་ཆེས་རྩ་བར་གྱུར་པའི་རྒྱུ་རྐྱེན་ནི་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་འཁེལ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་གོ་གནས་གཏན་འཁེལ་བྱས་ཡོད་པ་དེ་ཡིན་པར་ཚང་མས་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱ་དགོས།“གཏན་འཁེལ་གཉིས”ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་སྲོག་ཤིང་དང་། མི་དམངས་ཀྱི་གཙོ་འཛིན། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ངོས་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྙིང་དབུས་ནས་བརྩི་སྲུང་དང་གུས་བཀུར་ཐོབ་པ་རེད། ཚང་མས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཅིང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་ཡོང་བ་བྱས་ཏེ། ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་ལས་དོན་ཡག་པོ་སྒྲུབ་པ་དང་ཚོགས་ཆེན་ཡག་པོ་འཚོག་དགོས། ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་འགན་སྒྲུབ་དབང་སྤྱོད་ཟོལ་མེད་བྱེད་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སེང་ལ་ཞིབ་བཤེར་ནན་ཏན་དང་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)ལ་གྲོས་ཞིབ་ནན་ཏན་བྱེད་ཅིང་། “ཨུ་ལྷན་གཉིས”ཀྱི་འདེམས་བསྐོའི་ལས་དོན་ནན་ཏན་ངང་ལེགས་པར་བསྒྲུབས་ནས་ཚོགས་ཆེན་གྱི་གྲོས་རིམ་ཁག་ཕུན་སུམ་ཚོགས་པའི་ངང་འགྲུབ་པར་འགན་ལེན་ཏན་ཏིག་བྱ་དགོས། སྒྲིག་ལམ་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་ནན་པོ་ཞུས་ནས་རང་རྟོགས་ངང་སྒྲིག་ལམ་དང་སྒྲིག་སྲོལ་ཨང་དང་པོར་འཇོག་པ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་ཞིང་། སྣེ་ཁྲིད་དེ་ཏང་གཤིས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ཏང་སྲོལ་དང་ཏང་ཁྲིམས་དཔེ་བཟང་ངང་བརྩི་སྲུང་ཞུ་བ། གསང་སྲུང་གི་འདུ་ཤེས་ཇེ་དྲག་ཏན་ཏིག་གཏོང་ཞིང་། རིམས་ནད་འགོག་ཟོན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཚོགས་ཆེན་སྲོལ་གཙང་ལུགས་དྲང་ཡོང་བ་འགན་ལེན་བྱ་དགོས། ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་འཁྱེར་སོ་སྲུང་འཛིན་དང་། ཚོགས་ཆེན་གྱི་བླང་བྱ་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། དངོས་གཉེར་གྲོན་ཆུང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གཟུགས་བརྙན་བཟང་པོ་གང་ལེགས་མཚོན་པར་བྱ་དགོས།།


  • ལེ་ཚན་སྔོན་མ།:སི་ཁྲོན་འཐུས་མི་ཚོགས་པ་པེ་ཅིང་དུ་འབྱོར།
  • ལེ་ཚན་རྗེས་མ།:ཏང་གི་ཚོགས་ཆེན་ཉི་ཤུ་པའི་གྲ་སྒྲིག་གྲོས་ཚོགས།
  • དོ་སྣང་ཆེ་བའི་རྩོམ།