ལི་ཀྲན་ཧྲུའུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-10-18

 བློ་མཐུན་ལི་ཀྲན་ཧྲུའུ་ཡིས་སྤྱི་ཚེས་17ཉིན། ཁོང་ཞུགས་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ནས། འཐུས་མི་རྣམས་དང་ལྷན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུར་གྲོས་བསྡུར་གནང་བ་རེད། ལི་ཀྲན་ཧྲུའུ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུར་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།

ལི་ཀྲན་ཧྲུའུ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུའི་བརྗོད་དོན་ཁ་གསལ་བ་དང་། བརྗིད་ཉམས་ལྡན་པ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཡོད་པས། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་ལེགས་པར་མངོན་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཤིག་ཡིན་ཞིང་། སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། སྒོ་ཀུན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྐུལ་སློང་གནང་ཡོད་ཅེས་བསྟན་ཡོད།
ལི་ཀྲན་ཧྲུའུ་ཡིས། འདས་པའི་ལོ་ལྔའི་རིང་གི་ལས་དོན་དང་། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ནི་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པ་དང་། ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འགོད་རུང་བ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་གོང་འཕེལ་ལོ་རྒྱུས་བཅས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། གྲུབ་འབྲས་དེ་དག་ཡོད་པའི་དབང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་དང་། དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་སྲུང་ཡོད་པར་གྱུར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཁོར་ལམ་ཐོག་ཞུགས་ཐུབ་ཡོད་ཅེས་གསུངས་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ལོ་རྒྱུས་རང་བཞིན་གྱི་འཕེལ་འགྱུར་བྱུང་བ་དང་། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད།

དེ་ཡང་རྩ་བའི་ཐོག་ནས་བརྗོད་ན་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཕྱིར་བཤོལ་སྤུ་ཙམ་མེད་པའི་སྒོ་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་པའི་རླབས་ཆེའི་འཐབ་རྩོད་མང་པོ་བྱས་པ་དང་། རང་རྒྱལ་ཉིད་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་པར་སྐུལ་མ་བཏང་ཞིང་། རླབས་ཆེའི་འཐབ་རྩོད་དང་གལ་ཆེའི་སྤྱི་ཚོགས་འཕོ་འགྱུར་གྱི་འགག་རྩའི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་སྣེ་ཁྲིད་ཀྱི་འགག་རྩའི་ནུས་པ་བཏོན་དང་འདོན་མུས་ཡིན་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་ཡོངས་ཁྱབ་ཐོག་མི་དམངས་མང་ཚོགས་ཀྱིས་ཁས་ལེན་པ་དང་། ཁོང་དུ་ཆུད་པ། བཀོལ་སྤྱོད་བྱེད་པ་བཅས་ལ་གྱུར་ཞིང་། གང་དེས་ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་ཡོང་བ་བྱེད་པར་སྣེ་ཁྲིད་ནུས་ལྡན་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཚར་སྡུག་ལྡན་པའི་ལེའུ་རྩོམ་དགོས།

  • ལེ་ཚན་སྔོན་མ།:ཚོགས་ཆེན་ཉི་ཤུ་པའི་གླེང་ཚུལ་འདི་དག་ལ་དོ་སྣང་ཆེན་པོ་བྱུང་།
  • ལེ་ཚན་རྗེས་མ།:ཀྲའོ་ལེ་ཅི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10