ལི་ཁེ་ཆང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས།

    མི་དམངས་དྲ་བ་ནས་དྲངས།    2022-10-21

སྤྱི་ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། བློ་མཐུན་ལི་ཁེ་ཆང་ཁོང་ཉིད་གནས་སའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ་རེད། ལི་ཁེ་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་ཐོག་ཞུས་པའི་སྙན་སེང་ལ་རྦད་དེ་བློ་ལ་འཐད་བྱུང་ཞེས་གསུངས་པ་རེད། ཁོང་གིས་སྙན་ཞུའི་ནང་འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ཕྱོགས་བསྡོམས་བྱས་ཤིང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བསམ་བློ་གཏོང་ཕྱོགས་གསར་པ་གཏོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་སོགས་ཀྱི་གནད་དོན་གལ་ཆེན་རྒྱས་བཤད་གནང་བ་དང་ཆབས་ཅིག། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་གནང་བ་འདི་ནི་འབྱུང་འགྱུར་ལ་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད་ཅེས་གསུངས་པ་རེད།

ལི་ཁེ་ཆང་གིས་འཐུས་མི་ཚོ་དང་བསམ་འཆར་སྤེལ་རེས་མཛད་པ་རེད། ཁོང་གིས་གསུངས་དོན། ལོ་བཅུའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱས་པའི་གྲུབ་འབྲས་ཐོབ་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་གནང་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱས་འོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་དགོས་ན། ངེས་པར་དུ་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་ཀྱི་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་ལས་འགན་ལ་ངོས་འཛིན་གཏིང་ཟབ་བྱ་དགོས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་ཐུབ་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་སྐུལ་འདེད་གཏང་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་གཙོ་གནད་ལས་འགན་རེད། འཕེལ་རྒྱས་གཏང་རྒྱུ་ནི་ཏང་གིས་སྲིད་འཛིན་རྒྱལ་དར་བྱེད་པའི་ལས་འགན་ཨང་དང་པོ་ཡིན་ཞིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་སྒོ་ཚང་ལ་གནད་དུ་འཁེལ་བ། ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་སྐྱོང་། འཕེལ་རྒྱས་སྤུས་ཚད་མཐོ་བར་སྐུལ་འདེད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱས་ནས་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་གྱིས་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏང་དགོས།    

མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་བརྟན་ཁྲོད་འཕེལ་རྒྱས་འགྲོ་བཞིན་ཡོད་པར་བརྟེན། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་ཆ་ཚང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་རྒྱུན་འཁྱོངས་བྱ་དགོས།

ལི་ཁེ་ཆང་གིས་ནན་གསུང་གནང་དོན། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་དགོས་ན། ངེས་པར་དུ་བློ་བརྟན་འགྱུར་མེད་གྱིས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བཅོས་བསྒྱུར་འགྲོ་ཕྱོགས་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་བགོ་སྒྲིག་ཁྲོད་དུ་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྲིད་གཞུང་གི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱ་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་གྱི་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། འགྲན་སློང་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་འཛུགས་སྐྱོང་བྱ་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། སྒྲིག་སྲོལ་དང་སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་འབྱེད་བྱ་དགོས། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རིང་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱས་ཏེ་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་གྲུབ་འབྲས་མི་དམངས་ཡོངས་ལ་དེ་བས་མང་ཞིང་འདྲ་མཉམ་གྱི་ཕན་ཁེ་ཐོབ་པར་བྱ་དགོས།

ལི་ཁེ་ཆང་གིས་ནན་གསུང་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་བྱ་བ་སྒྲུབ་རྒྱུ་གཙོ་བོར་འཛིན་པ་དང་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱ་དགོས།།


  • ལེ་ཚན་སྔོན་མ།:ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་གི་ལེགས་བཤད།
  • ལེ་ཚན་རྗེས་མ།:ཝང་དབྱང་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས།
  • དོ་སྣང་ཆེ་བའི་རྩོམ།