མགོ་བོ་མེ་ཏོག་གི་སྔས་ལ་བཞག་པའི་དཀར་མཛེས།

ཁ་དྲག        2022-10-31

མཚན་དཔེ་ཟླ་བ་རྒྱས་ཚལ་དུ་སྤྱན་

ཟུང་ཨུཏྤལ་ཀེམ་ཀེམ་གཡོ།།

ཕྱག་སོར་པདྨའི་ཡལ་འདབ་རྩེ་རུ་རྒྱུད་

མངས་ཁུ་བྱུག་ལྷང་ལྷང་གྲག །

ལོ་ཁྲི་ལྷུན་པོའི་ཁྲི་སྟེང་ན་ཐུགས་གསུང་

ཡོན་ཏན་ཆ་རྫོགས་པའི།།

ལྷ་མོའི་མཚན་ཙམ་བཟློས་པ་ཡིས་ངག་

གི་རྩ་འདབ་འཁྲོལ་བར་ཤོག །

གནམ་ས་ཕྱེས་པའི་དུས་དེ་ནས་སྲིད་པ་

ཞིག་གི་ཆགས་རིམ་གསལ།།

སྤྲེལ་སྲིན་འདྲེས་པའི་སྐབས་དེ་ནས་

རིགས་རྒྱུད་ཅིག་གི་གཏམ་རྒྱུད་འབུས།།

དབྱངས་གསལ་འཁྲུངས་པའི་མཚམས་

དེ་ནས་སྐད་རིགས་ཤིག་གི་རྣམ་ཤེས་རྙེད།།

ལོ་རྒྱུས་རིང་བའི་མི་རིགས་འདི་འཛམ་བུ་

གླིང་གི་རྩེ་ལ་བཞད།།

དུས་ཀྱི་རླུང་བུ་གཡོས་པ་ཡིས་དར་རྒུད་རི་

མོ་སྣ་ཚོགས་བྲིས།།

རིགས་རུས་ཆོ་འབྲང་མ་འབོར་བར་

ཉི་ཟླ་གཉིས་ཀྱི་ཐོང་ལ་སྦས།།

བློ་རིག་གློག་གི་ཧྲག་བར་ནས་རིག་པའི་

གླེགས་བམ་མཁའ་ལ་བརྩིགས།།

ས་སྒང་མཛེས་པའི་རྒྱན་གཅིག་ཏུ་སྲིད་པའི་

བ་དན་དཀར་པོ་བསྒྲེངས།།

སྲིད་འཛིན་ས་ཡི་དབྱེ་ཕྱོགས་ཀྱིས་ཀྲུང་

ཧྭ་ཆེན་མོའི་མཐའ་ལ་བཏབ།།

རི་ཆུ་སྟོང་གི་ཁུག་པ་ནས་བདེ་སྐྱིད་

འཚོ་བའི་ལམ་ཁ་བསྙེགས།།

མི་རིགས་མང་པོའི་བྲོ་ར་ནས་ལྷན་དུ་

རྩེན་པའི་གླུ་གར་བགྱིས།།

བོད་པ་དཀར་པོའི་གཞིས་ཁྱིམ་འདི་

བོད་འབྲེལ་ས་ཡི་དབུས་ལ་ཆགས།

གནའ་བོའི་སྐྱེས་ཆེན་མཁས་ཆེན་གྱིས་

གནམ་ས་བཀབ་པའི་མཛད་པ་དང་།།

རྒྱ་བོད་གཉེན་གྱི་དར་ལམ་ལ་ཐབ་

རྡོ་བཙུགས་པའི་ལོ་རྒྱུས་དང་།།

བོད་ཡུལ་སྟོད་སྨད་བར་གསུམ་དུ་ཚོང་

འདུས་འཚོགས་པའི་སྔ་གྲས་སུ།།

དཀར་མཛེས་ཡུལ་གྱི་སྙན་གྲགས་འདི་རི་

དང་ལུང་པས་ག་ལ་ཁོག །

སྐལ་བཟང་དུས་ཀྱི་འབོད་པ་ཡིས་དཀར་

མཛེས་ཡུལ་ལ་བྱིལ་བྱིལ་བཏང་།།

དེང་རབས་བུ་མོ་སྒེག་ལྡན་མས་དཀར་མཛེས་

ཡུལ་ལ་བརྩེ་བ་སྦྱིན།།

སྲིད་ཇུས་ཚངས་པའི་ཚད་ཡིག་གིས་དཀར་

མཛེས་ཡང་དག་ལམ་ལ་ཁྲིད།།

ཐུང་ཐུང་ལོ་ངོ་བདུན་ཅུའི་ཁྲོད་དཀར་མཛེས་

སུམ་རྩེན་དཔལ་ལ་དྲངས།།

གྲོང་དང་གྲོང་ཁྱེར་རེ་རེ་ན་རྨི་ལམ་ལྟ་

བུའི་འཕོ་འགྱུར་ཡོད།།

ཡུལ་དང་གྲོང་ཚོ་རེ་རེ་ལ་སྨོན་པ་འཆོར་

བའི་འཚོ་བ་ཡོད།།

གཞིས་དང་ཁྱིམ་ཚང་རེ་རེ་ན་ཡིད་སེམས་

མགུ་བའི་བདེ་སྐྱིད་ཡོད།།

དབུལ་ཐར་ཕྱུག་འགྱུར་མ་དཔེ་ལ་དཀར་

མཛེས་མ་གཏོགས་གང་ཞིག་འོས།།

འབྲོག་ཡུལ་སྟོད་སྨད་བར་གསུམ་དུ་སྣུམ་

ལམ་འཇམ་པོ་དར་གྱིས་འཐེན།།

གྲོང་དང་གྲོང་ཁྱེར་སྦྲེལ་བྱེད་དུ་ལྕགས་

ལམ་ཨ་ལོང་དགུ་སྐྱས་བྱས།།

འཛམ་གླིང་ལྟད་མོར་བགྲོད་བྱེད་དུ་གནམ་

གྲུ་རྫུ་འཕྲུལ་རྐང་བ་འདྲ།།

དེང་རབས་ཚན་རིག་ལག་རྩལ་གྱིས་

དངོས་གྲུབ་ཆར་གྱི་བྱོ་བ་ལེགས།།

རང་བྱུང་རི་ཆུའི་བཀོད་པ་ལ་མཛེས་

པའི་སྒེག་ཉམས་མ་ལུས་ཚང་།།

མིས་བསྐྱེད་གླིང་ཀའི་ཇུས་འགོད་ལ་འཚར་

སྣང་སྟོང་གིས་ཉམས་འགྱུར་རྫོགས།།

རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱང་མི་

དང་འཆམ་མཐུན་མཉམ་དུ་གནས།།

དཀར་མཛེས་ཡུལ་གྱི་མཛེས་སྡུག་ལ་ཉི་ཟླ་

གཉིས་ཀྱང་ཐུགས་སེམས་འཁྲེང་།།

སེམས་ཀྱི་དད་པ་སྐྱོང་བ་ལ་ཆོས་ལུགས་དད་

མོས་རང་དབང་སྦྱིན།།

རིགས་ཀྱི་སྨྱུ་གུ་སྤེལ་བ་ལ་མི་རིགས་སློབ་གྲྭ་

ཆེ་ཆུང་མང་།།

སྐད་དང་ཡི་གེ་སྐྱོབ་པ་ལ་དུས་དེབ་

ཚགས་དེབ་རྒྱུན་མར་སྤེལ།།

རང་སྐྱོང་ཁུལ་གྱི་ཁྱད་ཆོས་དེ་དཀར་

མཛེས་ཡུལ་ན་མངོན་པར་གསལ།།

གནའ་ཤུལ་རིག་གནས་གྲགས་ཆེན་ལ་

ཆེད་དུ་སྲུང་སྐྱོབ་ས་ཚིགས་བཙུགས།།

ཁྱད་ཆོས་ལྡན་པའི་གནས་ཡུལ་ལ་ཡུལ་

སྐོར་ལས་རིག་གསར་སྤེལ་བྱས།།

མི་རིགས་རེ་རེའི་དུས་སྟོན་ལ་ཐུན་མོང་

མིན་པའི་སྲིད་ཇུས་བསྒྲགས།།

ཕྱོགས་མཚམས་ཀུན་གྱི་ལྟ་སྐོར་བ་དཀར་

མཛེས་ཡུལ་ནས་བཟི་བར་གྱུར།།

དམངས་ཀྱི་འཚོ་བའི་འགན་ལེན་ལ་

དམིགས་བསལ་གྲོན་དངུལ་

བཏང་བ་བཟང་།།

ཀུན་གྱི་བདེ་ཐང་གསར་སྐྲུན་ལ་དམངས་

ཕན་སྨན་ཁང་བསྐྲུན་པ་ལེགས།།

སྤྱི་པའི་འཆམ་མཐུན་སྲུང་བ་ལ་ཁྲིམས་

ཀྱི་གཉའ་ཤིང་བདེན་པས་མཛེས།།

ཇུས་བཟང་ཀུན་དགའ་ར་བ་ནས་རེ་

བའི་དྲི་བསུང་ཕྱོགས་སུ་འཐུལ།།

དུས་ཀྱི་འགྱུར་བག་རྒོད་ན་ཡང་མི་

གཤིས་གསེར་གྱི་རང་མདངས་གསལ།།

གཞན་ཕན་སེམས་ཀྱི་ནོར་བུ་དེ་མི་རེའི་

རུམ་ན་རེ་རེ་མངའ།།

མཛའ་གཅུགས་གདུང་བའི་བརྩེ་བ་དེ་

རང་གི་སྲོག་དང་སྙིང་ལ་ལྟ།།

མཐུན་སྒྲིལ་ཡ་རབས་སྤེལ་བ་ལ་སོ་སྐྱེས་

སྐད་སྒྲ་ལྷང་ལྷང་ལྷང་།།

འདི་ན་ལས་ངན་རྒོལ་ངན་གྱི་སྦྱོར་བ་

ནུབ་ཕྱོགས་རླུང་གིས་ཁྱེར།།

ལས་ལ་བརྩོན་པའི་སྙིང་སྟོབས་ལ་

སྲ་མོ་ལྕགས་ཀྱིས་ངར་ཁ་བླུད།།

གོང་ལ་ཉན་ཞིང་འོག་སྐྱོང་བའི་འགན་

འཁྲི་མ་སྐུལ་དང་དུ་ལེན།།

འཇིག་རྟེན་མི་ཆོས་སྤེལ་བ་ལ་དཀར་

མཛེས་བ་ཚོ་མཁས་ཤིང་མཛངས།།

ང་ནི་རྒྱང་གི་མགྲོན་པོ་སྟེ་དཀར་མཛེས་

ཡུལ་ལ་ཨེན་ཙམ་འཁྱུག །

སྲིད་པའི་ཕུན་ཚོགས་རོལ་བ་ཡིས་སྙིང་

ལ་མངར་བའི་གསོས་ཀྱིས་ཚིམས།།

ཚིག་འཁྱོག་སྡེབ་ཉམས་ལ་དྲངས་པའི་

མཐོང་ཐོས་དྲན་པ་ཅི་རིགས་འདི།།

འགྲུལ་བཞུད་ལམ་ཁ་རིང་མོ་ནས་ཕྱིར་

མིག་ནང་གི་དུངས་བ་ཡིན།།



  • ལེ་ཚན་སྔོན་མ།:བཀྲ་ཤིས་ལྷ་དར་དཀར་པོ།
  • ལེ་ཚན་རྗེས་མ།:ལྷ་རྗེ་མི་རྗེ།