སྟོན་ཟླ་མཐའ་མ།

ཙ་ཡུས་བཟོད་པ།        2022-12-05

སྟོན་རླུང་བསིལ་མོ་དལ་གྱིས་ལྷགས་པའི་དུས་ཚིགས་གཉོམ་པོ།།

སུ་དང་གང་ལ་སྐྱོ་ངལ་སྟེར་བའི་ནམ་ཟླ་འཁྱག་པོ།།

སུན་སྣང་ངར་པོའི་ཤུགས་ཀྱིས་གཙེས་པའི་དུས་སྐལ་སྐྱ་བོ།།

འདི་སྐད་ལས་ལ་འོག་འགྱུ་དམར་པོ་འཁོར་རྒྱུ་བྱུང་ཨང་།།

དབྱར་རྔ་རྒོད་པོ་ཁད་ཀྱིས་འཇགས་པའི་ཉིན་ཞག་སྐྱོ་བོ།།

ཁ་བའི་ཟེགས་མར་གཡབ་མོ་བྱེད་པའི་མདངས་མེད་མཚར་རོ།།

མྱ་ངན་སུན་པོ་ཤུགས་ཀྱིས་འཁོར་བའི་ཞེད་སྣང་འཇིགས་པོ།།

མི་འདོད་ལས་ཀྱིས་གནང་བའི་དན་རྟགས་འཁོར་རྒྱུ་བྱུང་ཨང་།།

ཡིད་ཀྱི་འདབ་ཆགས་དབྱངས་ལྡན་གཞན་ཡུལ་འགྲིམ་ཚུལ་སྡུག་པོ།།

སྙན་འཇེབས་དབྱངས་རྟའི་འགྱུར་ཁུགས་དབེན་པའི་བཞུད་ཚུལ་དག་པོ།།

གསུང་སྐད་སྙན་མོ་མ་ཐོས་ཡིད་སེམས་འཁྲུག་པའི་ཞེ་འདོད་མོག་པོ།།

བཞུད་སྟངས་འདི་ལ་ཆོ་ངེ་ཐན་ཐུན་འཁོར་རྒྱུ་བྱུང་ཨང་།།

རྐང་འཐུང་ལོ་འདབ་སེར་ཐིག་ལྷུང་བའི་ངང་ཚུལ་གཡེར་བོ།།

མིག་གཡོར་མཐོང་ཚུལ་ཀུན་རྟོག་སེམས་སུ་འཆར་ཡན་འཁྱུག་པོ།།

འཁྲེང་སེམས་དམར་བོ་ལྷོག་ལྷོག་འཕྱུར་བའི་ཞེན་ཆགས་རྒོད་པོ།།

སྣང་ཚུལ་འདི་ལ་སེམས་འགྱུ་མོག་པོར་འཁོར་རྒྱུ་བྱུང་ཨང་།།

ནེའུ་གསེང་གཡུ་ལོའི་གསེབ་ཀྱི་གཡུ་སྦྲང་སྐྱེལ་སྟངས་ཁག་པོ།།

མདངས་ལྡན་སིམ་པོ་འཁུར་བའི་སྟོན་ཟླའི་འཕྱང་འཕྲུལ་རྩུབ་པོ།།

ཀུན་བཟོད་དགའ་མ་འགྱུར་བག་རྒོད་པའི་མཐོང་སྣང་སུན་པོ།།

ཁ་དོག་འདི་ལ་སེམས་སུ་ངལ་བ་འཁོར་རྒྱུ་བྱུང་ཨང་།།

འཛིན་མའི་གཞི་རུ་བསིལ་རླུང་འུར་འུར་ལྡང་སྟངས་བཙོག་པོ།།

རྩི་བཅུད་ལོ་འབྲས་རྔམ་སྟབས་ཆེ་བའི་རྔམ་སེམས་ཧུར་པོ།།

གནོང་འགྱོད་ཀུན་ལ་མངའ་བའི་ཁྱད་མཚར་སྣང་ཞེན་ལྗིད་པོ།།

གཤིས་ལུགས་འདི་ལ་འཆར་འཕར་ལྡོམ་པོ་འཁོར་རྒྱུ་བྱུང་ཨང་།།

  • ལེ་ཚན་སྔོན་མ།:གངས་ཁྲོད་ཀྱི་རྨི་ལམ་ཁག་ལྔ།
  • ལེ་ཚན་རྗེས་མ།:རང་བྱུང་ཡིད་ཀྱི་སྣང་བརྙན།