ཕ་མ་ནི་སེམས་ཀྱི་ལྷ་དར་དཀར་པོ་ཡིན།

ཨོ་ཏོག་བསྟན་ཉི།        2024-01-26

ཕ་མ་ནི་འབྲོག་གི་རྩྭ་ཐང་ཡངས་པོ་ཡིན། །

ཕ་མ་ནི་མཐིང་སྨུག་སྦྲ་ནག་གྲུ་བཞི་ཡིན། །

ཕ་མ་ནི་འབྲོང་གི་རྭ་རྩེ་སྨུག་པོ་ཡིན། །

ཕ་མ་ནི་གཡང་དཀར་ལུག་གི་བལ་ཁ་ཡིན། །

ཕ་མ་ནི་ཞིང་གི་སྙེ་མ་མིག་བླུགས་ཡིན། །

ཕ་མ་ནི་ཁང་རྩེའི་དར་ལྕོག་སྐྱ་བོ་ཡིན། །

ཕ་མ་ནི་བཅུད་ལྡན་སྦྲང་དཀར་རྩམ་པ་ཡིན། །

ཕ་མ་ནི་ཞིམ་མངར་འོ་ཇ་དཀར་པོ་ཡིན། །

ཕ་མ་ནི་བརྗིད་ཆགས་གངས་རི་དཀར་པོ་ཡིན། །

ཕ་མ་ནི་ཚང་ཚིང་ནགས་ཚལ་སྟུག་པོ་ཡིན། །

ཕ་མ་ནི་དྭངས་པའི་གཙང་ཆབ་སྔོན་མོ་ཡིན། །

ཕ་མ་ནི་སྤང་གི་མེ་ཏོག་སེར་ཆེན་ཡིན། །

ཕ་མ་ནི་ཀུན་གྱི་དགེ་རྒན་ཐོག་མ་ཡིན། །

ཕ་མ་ནི་རོགས་ཀྱི་ཡང་རྩེའི་ཡང་རྩེ་ཡིན། །

ཕ་མ་ནི་གྲོང་གི་ཚོང་པ་བཟང་པོ་ཡིན། །

ཕ་མ་ནི་སྡེ་ཡི་སྐར་མ་འོད་ཆེན་ཡིན། །

ཕ་མ་ནི་སྙན་པའི་སྒྲ་སྙན་འབྲུག་མགོ་ཡིན། །

ཕ་མ་ནི་དཔྲལ་བའི་གཉེར་མ་ཆུ་རིས་ཡིན། །

ཕ་མ་ནི་མགོ་ཡི་སྐྲ་ལོ་ནག་སྐྱ་ཡིན། །

ཕ་མ་ནི་ལག་གི་རྒྱ་ཤིང་སྨྱུ་གུ་ཡིན། །

ཕ་མ་ནི་དྲི་ལྡན་ལྷ་ཤིང་ཤུག་པ་ཡིན། །

ཕ་མ་ནི་ཆུང་ཆུང་ལོ་མ་ལྗང་ཁུ་ཡིན། །

ཕ་མ་ནི་ས་ཡི་རྩྭ་རྐང་ཁེར་མ་ཡིན། །

ཕ་མ་ནི་རེ་བའི་གསོམ་ཤིང་རིང་མོ་ཡིན། །

ཕ་མ་ནི་ལ་ཁའི་ཉི་མ་སེར་པོ་ཡིན། །

ཕ་མ་ནི་བཅོ་ལྔའི་དུང་ཟླ་དཀར་པོ་ཡིན། །

ཕ་མ་ནི་དགུང་གི་སྨིན་དྲུག་ཁྲ་མོ་ཡིན། །

ཕ་མ་ནི་རྩེ་ཡི་སྤྲིན་པ་དཀར་པོ་ཡིན། །

ཕ་མ་ནི་དཔྱིད་ཀའི་དྲོད་འཇམ་བསེར་བུ་ཡིན། །

ཕ་མ་ནི་དབྱར་ཁའི་རྩི་ཏོག་ཚོམ་བུ་ཡིན། །

ཕ་མ་ནི་སྟོན་གྱི་ལོ་མ་སེར་པོ་ཡིན། །

ཕ་མ་ནི་དགུན་ཁའི་ཁ་བ་དཀར་པོ་ཡིན། །

ཕ་མ་ནི་བྱང་གི་ཁ་དཀར་རྐྱང་ཆུང་ཡིན། །

ཕ་མ་ནི་སྟོད་ཀྱི་རྩ་ཆེན་འབྲོང་ཡག་ཡིན། །

ཕ་མ་ནི་སྨད་ཀྱི་རྭ་ཆེན་ཤྭ་བ་ཡིན། །

ཕ་མ་ནི་བར་གྱི་གོག་པོ་གཙོད་ཡག་ཡིན། །

ཕ་མ་ནི་ལྷད་མེད་འབྲི་མར་སེར་པོ་ཡིན། །

ཕ་མ་ནི་ཁོག་གི་གློ་སྙིང་མཆིན་གསུམ་ཡིན། །

ཕ་མ་ནི་ཡིད་ཀྱི་མར་མེ་ཚེ་འབར་ཡིན། །

ཕ་མ་ནི་སེམས་ཀྱི་ལྷ་དར་དཀར་པོ་ཡིན། །


  • ལེ་ཚན་སྔོན་མ།:རྨུ་ཐག་དཀར་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།