མིག་ལམ་དུ་འཆར་བའི་སྒེག་ལྡན་མ།

འབྲི་ཁེར་འགྲོ།        2024-01-19

འཛུམ་མདངས་དབུས་ཀྱི་རླངས་འཁོར་ཞིག་ནས་མིག་ལམ་འཆར་བའི་སྒེག་ལྡན་མ། །

ཚ་རླབས་ཆེར་ཆེར་གདོང་ལ་བརླན་ཞིང་སྤྱན་དཀྱུས་རིང་མོའི་ཟུར་མིག་འཕང་། །

སྔར་ནས་འདྲིས་འདྲིས་ཅི་ཡང་མེད་ལ་བརྩེ་དུང་གཏམ་རྒྱུད་དེ་བས་དབེན། །

སེམས་ཚོར་འཕར་ལྡིང་ཐག་སྒྲའི་ཁྲོད་ནས་ཤོག་ཐོག་སྙན་ངག་ལྷོད་ཀྱིས་བརྡོལ། །

ཁ་སོ་མིག་སྣ་ངོ་གདོང་ཡོད་ཚད་བཟོ་རྩལ་མཁན་པོས་བཞེངས་པ་འདྲ། །

ཕན་ཚུན་བརྩེ་འདང་ཅི་ཡང་མེད་ཀྱང་ཞལ་རས་ཟླ་བ་དཀར་པོའི་ངོས། །

ཚེས་ཆེན་བཅོ་ལྔའི་དུང་མདོག་ཤར་འདྲའི་དཀར་དམར་མེ་ཏོག་རྣམ་པར་བཀྲ། །

ལྷ་མོ་མི་ཡུལ་གཟུགས་སུ་བྱོན་ནས་གཞན་སེམས་དབང་མེད་ལྕགས་ཀྱུ་དྲངས། །

ཨ་ཅེ་འབྲུག་མོ་མཛེས་མ་གྲགས་ཀྱང་སྔར་སོང་ལོ་ཟླའི་མིང་མཐའ་ཙམ། །

གཞས་མ་འགའ་ཞིག་སྐད་ངག་ཙམ་ལས་ཡིད་སྨོན་ཤོར་ས་དེ་ཙམ་ཞིག །

མཛེས་ལྡན་ཕལ་ཆེར་གཡེར་གྲགས་ཤིག་ལས་ཡིད་སེམས་འཕྲོག་ས་དེ་བས་དཀོན། །

དབུས་སྐད་གཙང་མའི་མདངས་དབྱངས་གྱེར་མཁན་མཛེས་ལྡན་ཁྱེད་ཉིད་སུ་ཡིས་འགྲན། །

ཕོ་སེམས་ཡིད་དབང་འཕྲོག་པ་དགོས་ན་ཀྲོག་ཀྲོག་བྱས་ནས་མགུ་རབས་མེད། །

བྱུག་རྫས་དཀར་དམར་ངོ་གདོང་བསླད་ཀྱང་ཡིད་སེམས་དེ་བས་ཤོར་དོན་མེད།

རྒྱུན་དུ་གང་སར་ཡུལ་འཁྱམས་བྱེད་བཞིན་ཁྲེལ་གཞུང་ངོ་ཚའི་གནས་མེད་ན། །

ཕོ་རབས་དར་མའི་སྙིང་ཁའི་མདའ་མོ་གཏད་མེད་འབེན་ལ་རྒྱག་དོན་མེད། །

མཛེས་ལྡན་ཁྱེད་ཀྱིས་ཚོར་སྣང་བལྟས་ན་གཞན་དང་མི་འདྲའི་ཟུར་མིག་སྟོན། །

ཁོ་བོ་ཁྱོད་རང་མི་ཚོགས་དབུས་ནས་ཚབ་ཚུབ་ངང་ནས་ཞིབ་བལྟས་བྱས། །

སྐབས་རེ་མདུན་དུ་བསྐྱལ་ན་འདོད་ཀྱང་ཆ་རྒྱུས་མེད་པའི་ངོ་རེ་ཚ། །

ལས་དབང་ཞིག་ལ་རེ་ལྟོས་བཅོལ་ནས་སོ་སོར་གནས་སུ་གྱེས་ལ་རན། །

ད་ནི་རླངས་འཁོར་འབབ་ཚུགས་སླེབས་པའི་ཁྱེད་ཉིད་བལྟ་བའི་གོ་སྐབས་མེད། །

ད་དུང་མཛངས་མའི་གཤིས་རྒྱུད་ལྡན་ན་སླར་ཡང་མཇལ་བའི་རེ་བ་ཡོད། །

ཕྱི་མཛེས་ཙམ་ལས་རིན་ཐང་མེད་ན་མ་མཇལ་བདེ་མོ་བཞུགས་རོགས་གནང་། །

ལས་འཕྲོ་ཡོད་ན་མཇལ་བ་ཡོང་ངེས་དེ་རིང་འཚམས་འདྲིའི་ཁ་གཡང་བརྗོད། །


  • ལེ་ཚན་སྔོན་མ།:སེམས་ཀྱི་ཟེའུ་འབྲུ།
  • ལེ་ཚན་རྗེས་མ།:མི་ཉག་ལི་ཆུ་ཕྲ་མོ།