མདོ་ཁམས་རྫ་ཆུ་སྔོན་མོར་མཆིད་པའི་འདས་དོན་གསལ་བའི་དོ་ཤལ་བླ་བྲེ་མ།

ཆོས་འབྱོར་རྒྱ་མཚོ།        2024-01-15

ངོ་མཚར་དཔལ་གྱིས་བསྐྲུན་པའི་ཆུ་གཏེར་རྒྱས།།

རང་བྱུང་ས་འཛིན་སྣོད་ལས་འཕྱོ་བའི་གར།།

ལེགས་བྲིས་པིར་གྱིས་བྲིས་པ་བརྒྱ་ཕྲག་ལས།།

དཔག་ཡས་མཛེས་པའི་དཔལ་འཛིན་རྫ་ཆུ་གྲགས།།

ངོ་མཚར་པ་ཏྲའི་སྤུན་ལ་འཁུམས་པའི་དགྲ།

དུས་གསུམ་ཚིག་གིས་བརྗོད་དུ་མི་དམིགས་ཀྱང་།།

འདི་ན་སྙན་ངག་སྨྲ་ལ་རབ་དགའ་བའི།།

ཚེམས་ཕྲེང་མུ་ཏིག་རྒོད་ཀྱི་ཚིག་ལ་སྐྱེས།།

ལྕུག་ཕྲན་ལག་ལྡང་སྦྲེལ་བའི་འགྲམ་ངོགས་ན།།

ཤེལ་དཀར་ཟླ་བའི་དཔལ་བཞིན་དཀར་བའི་ཆབ།།

མདང་སུམ་གློ་བུར་ཁྲོས་ཏེ་ས་འཛིན་ལྟར།།

རྔམ་ནག་འཇིགས་རུང་ཐལ་ཆེན་རྒྱས་ལྟར་འཕྱོ།།

ཡུན་རིང་ངལ་བའི་མཛད་པ་བླངས་པའི་མཐར།།

བཟོད་མེད་དཀའ་བས་བསྐྲུན་པའི་རྡོ་ཟབ་དེ།།

འདུ་བྱེད་རིག་པའི་མེ་ལོང་གསལ་བའི་ངོར།།

ཤར་བའི་མོད་ལ་གཏམ་རྒྱུད་སྤྲིན་བཞིན་གཏིབས།།

སྲ་བརྟན་འགྱུར་མེད་གཤིས་སུ་གྲུབ་པ་ཅན།།

བརྣག་དཀའི་ལྷག་བསམ་འཛིན་པའི་སྟག་ཤར་འགས།།

ཟབ་འཇིངས་གངྒའི་ཀློང་ལ་བསྒྲུན་བཟོད་པའི།།

རྔམ་ནག་ཆུ་ཆེན་འདི་ཡི་ཁ་ལོ་བསྒྱུར།།

སྤྱི་གཙུག་སྐྲ་ལོ་འཕྱང་རིལ་གདེངས་ཀ་རུ།།

འདོད་འབྱུང་ནོར་བུ་ཇི་བཞིན་གཉེར་མཁས་པའི།།

མི་རྒན་ཞལ་རས་མི་སྡུག་གཉེར་མ་ཅན།།

བུ་ཡུག་གྲང་ངར་བདོ་བའི་གནས་འདིར་འཛུམ།།

སྒ་བསྟད་ཁལ་བཀལ་རི་ལུང་བརྒྱ་ཕྲག་ལ།།

སྤོས་ནས་སྡོད་པའི་གདོང་དམར་རྨུ་རྒོད་ཀྱི།།

སྐྱིད་འཕེལ་གཡང་གི་ལས་ལ་མི་འབད་པར།།

ཡ་མ་བརླ་ཡི་ལས་སུ་རྒྱུགས་ལ་སྐྱོ།།

མཐའ་བྲལ་ནམ་མཁའི་མཚོ་རུ་འཕུར་ལྡིང་གི།།

སྒྱུ་རྩལ་མཛད་ལ་མཁའ་ལྡིང་འཕྱ་བའི་བྱ།།

ཟས་སུ་མི་ཤ་རོལ་བའི་རྒོད་པོ་དེ།།

བསིལ་ལྡན་རྫ་ཆུའི་དབུས་ཀྱི་མཁའ་རུ་ལྡིང་།།

མྱུར་མགྱོགས་རླུང་གི་ཤུགས་ལ་ངལ་སྟེར་ཞིང་།།

དཔག་ཚད་གནས་ལ་ཞབས་སེན་ལན་གྲངས་བརྒྱར།།

བཞག་པའི་མྱུར་ལྡན་ལྷ་ལ་སོམ་ཉིའི་ཆ།།

གྲངས་མེད་སྦྱིན་པའི་གྱི་ལིང་རྟ་ཕོ་རྒོད།།

འབྲོག་མོའི་ཕྱག་གིས་བཞོས་བའི་འོ་མའི་བཅུད།།

གཅིག་ཏུ་བསྙལ་ནས་གྲུབ་པའི་ཞོ་གསར་འབུམ།།

རྟེན་འབྲེལ་ལྷ་མོས་པིར་གྱིས་བསྒོས་པ་བཞིན།།

དྲི་མེད་མདངས་བཅས་འཛིན་པའི་གཡང་ལུག་བཀྲ།།

ཟོལ་ཁྲལ་དར་ཟབ་སྣ་ཚོགས་ཤི་རྟ་ལས།།

ཁོར་ཡུག་འདི་རུ་ལེན་ཕྱིར་རྒྱང་རིང་དུ།།

རྐང་འགྲོས་འཁྱར་འཁྱོར་ཐེངས་གཅིག་བཀོད་སྟབས་ཀྱིས།།

ཁམས་པའི་ཕོ་རྒོད་གྲགས་པའི་རྫ་རྔ་བརྡུངས།།

རིན་ཆེན་བྱུ་རུ་དམར་པོ་ཐོད་པའི་སྟེང་།།

གསེར་འོད་རྟ་བདུན་འཛུམ་པའི་བརྒྱན་སྤྲས་ཤིང་།།

དྲན་རིག་སེམས་ཀྱི་གཞས་ཆུང་རི་རྩེ་རུ།།

བྲན་པའི་གླུ་མ་སྙིང་ལ་སྡུག་པར་གྱུར།།

ཡན་ལག་སྟུག་ཅིང་བོངས་ཆེ་སྟོབས་རྒྱས་ཤིང་།།

དམར་ནག་ཁྲག་གི་ཚོན་རྩི་མཁུར་ཚོས་ལ།།

མ་བྱུགས་རང་བྱུང་ཉམས་ཀྱི་སེར་གས་ཅན།།

རྒོད་པོ་གཡུ་རལ་ཅན་དེ་འདི་ན་གསོན།།

ཡིད་སྲུབས་བདུད་ཀྱི་ཕོ་ཉ་རབ་ཁྲོས་ནས།།

རལ་གྲིའི་ངར་ལ་དབུགས་ཀྱི་ཤུགས་དྲངས་ཏེ།།

རྫ་ཆུའི་འགྲམ་རྒྱུད་གཤེན་ཐང་སྐྱ་མོ་རུ།།

བརྫུས་པའི་འདས་དོན་བརྗོད་མེད་སྐྱོ་བ་ཨང་།།

ཇི་ལྟར་བསྒོ་བའི་རྩལ་གྱིས་བརྫིས་པ་ཡི།།

སྨན་ལྗོངས་ས་ཡི་ཐིག་ལེ་འབར་བ་འདི།།

མདོ་ཁམས་མཛེས་པའི་དཔལ་དུ་རྣམ་བསྒྱིངས་པ།།

འགྱུར་མེད་མངོན་དུ་འཕགས་པའི་དུས་ཀྱི་ཆར།།

དེ་རྗེས་ཨར་ཇག་ཁྲམ་པའི་དཔུང་རྒྱས་ཏེ།།

སྙེམས་ལྡན་རྒོལ་བའི་སྣང་བ་འཕྲོག་མཁས་ཚོགས།།

དཀར་འཇམ་ཡུག་ཅིག་ཁྱབ་པའི་གདུགས་དཀར་ཆོས།།

མངོན་པར་ས་གཞིར་ཁྱབ་ཏེ་ཞི་བར་བཀོད།།

གན་མཛོད་ནོམ་གྱིས་བཀང་བའི་དཔོན་ཆེན་དང་།།

ཕུན་ཚོགས་སྐྱིད་ཀྱིས་ཁྱབ་པའི་འབངས་སྡེ་གཉིས།།

ལྷུང་ལྷུང་ཆལ་ཆིལ་ལྡིང་བའི་རྫ་འགྲམ་ན།།

མཐོང་ན་མི་མཐུན་མེད་པའི་ངང་དུ་བཞུགས།།

འཇིགས་རུང་འཁོར་བའི་དུ་ཁའི་མེ་འོབས་ལ།།

ཕྱེ་ལེབ་གཤོག་པའི་ཟློས་གར་བསྒྱུར་བའི་བློ།།

བོར་བའི་སྐྱེ་བོ་དབེན་པའི་ཀློང་ཡངས་ཆེན།།

རི་བོང་འཛིན་མ་འཛུམ་དང་གཉིས་མེད་རྒྱུ།།

ཡིད་འོང་གཞོན་ནུ་ཆུ་རྩེད་ཞབས་ཁྲུས་སུ།།

ཞུགས་པའི་ཚོགས་རྣམས་སྙིང་གི་མཛའ་གཅུགས་ལ།།

རྟེན་འབྲེལ་གཉེན་སྟོན་ཆོ་གའི་རྒྱས་བཏབ་སྟེ།།

སྦྲ་ཁྱིམ་སྨུག་པའི་ཀློང་དུ་མྱོས་ལ་གཟིགས།།

ལྷིང་འཇགས་ཞི་བའི་གནས་ཀྱི་མཁའ་དབྱིངས་སུ།།

མདོ་སྔགས་ཉི་ཟླའི་རྣ་ཆ་འཛིན་མཁས་པའི།།

གྲུབ་བརྙེས་འཕགས་པའི་འདུས་སྡེ་མ་ལུས་ཀུན།།

རྫ་ཆུ་སྔོན་མོའི་ངོགས་ན་མཚམས་སྤྲིན་གནོད།།

དུས་གསར་མི་རྟག་སྒྱུ་མའི་ཟློས་གར་རྗེས།།

གནག་སྣུམ་རྡོ་ཡི་ཚངས་ཐིག་འཐེན་འདྲའི་སྟེང་།།

མི་རིགས་སྣ་ཚོགས་རྐང་དྲུག་གླུ་བའི་ཟོལ།།

རྫ་ཆུའི་འགྲམ་རྒྱུད་ཕྱོགས་ནས་སྤེལ་མར་ལྡིང་།།

ཐ་ཆུང་གནག་རྫི་གཡུ་ཡི་སྣབས་ཆ་ཅན།།

ད་ནི་དར་བབ་ལང་ཚོའི་མཛེས་རོལ་བདག།

གཡུ་ཞུན་ཁུ་བ་ལྷུང་འདྲའི་རྫ་འགྲམ་ལ།།

འབྱོར་ཚེ་ཆུང་ངུའི་དུས་ཀྱི་ད་རེབ་དྲན།།

གྱི་ལིང་གཤོག་རླུང་ཐོགས་པའི་འདོ་རིགས་རྟའི།།

ཁ་ལོ་བསྒྱུར་ནས་གཡུ་མདོག་རྩྭ་ཐང་སྟེང་།།

མགྱོགས་པའི་རྨིག་སྒྲ་ཡོམ་ཡོམ་བརྡབས་པ་ཡི།།

དམིགས་བྲལ་ཆུང་ངུའི་འཁྲུལ་སྣང་འདི་རུ་ལྷོངས།།

ག་ཞ་དགའ་སྟོན་སྐྱིད་པའི་སྡིངས་ཆ་ལ།།

ལྷན་གཅིག་ཆོ་ག་མཛད་པའི་དུས་ཀྱི་མི།།

ད་ལྟ་དྲན་རིག་ངོགས་སུ་ཆུ་ཟླའི་གཟུགས།།

སྣང་བས་འཛིན་པའི་ཡུལ་ནས་འདའ་བར་གྱུར།།

འོན་ཏང་ཚངས་རལ་ཀློང་ཆེན་ཡངས་པ་རུ།།

བཅུག་པའི་ཚིག་འབྲུ་ཐབས་ཀྱིས་པིར་རྩེ་རུ།།

མི་མཐོང་ངག་གིས་བཀོད་པར་བཤམས་པ་འདི།།

གྲགས་དཀར་རྫ་ཆུ་མཛེས་པའི་དོ་ཤལ་ཙམ།།


  • ལེ་ཚན་སྔོན་མ།:ལོ་ཟླའི་དྲན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།