བསམ་མནོ་ནང་དུ་ཕྱོགས་ན།

གཟེར་མ།        2024-01-03

རྣ་བ་དབྱངས་དང་འགྲོགས་ན་ཡང་།།

ཞེན་པ་ཤོག་ལ་སྣུམ་ལྟར་ཐིམ།།

ཚོར་བའི་རྟ་ཕོ་འགྲོས་དང་བཅས།།

བར་མེད་རྒྱང་ལ་སྐྱོད་བཞིན་གདའ།།

སྐྱེ་བ་དུ་མའི་བསགས་སྦྱངས་ཀྱིས།།

རིན་ཆེན་མི་ལུས་ཐོབ་ནས་གདའ།།

དགའ་སྐྱོའི་འཕེལ་འགྲིབ་རེ་རེ་ནི།།

ཁྱེད་ཉིད་གསོན་པའི་ནོམ་པ་ཡིན།།

ལོ་ཟླ་ན་ཚོད་ཆེ་རུ་ཕྱིན།།

མི་རྣམས་བར་མེད་ལས་ལ་བྲེལ།།

བདག་ཀྱང་དོན་དག་ག་གེ་མོས།།

བསྡད་དབང་མེད་པ་གནས་མལ་བསྐྱལ།

ང་ཚོས་དཀའ་དཔྱད་སྡུག་རུས་ཀྱིས།།

དོན་ལ་འབད་པས་བརྩོན་ན་ཡང་།།

འདི་ནས་ལོ་བརྒྱ་སོང་ཙ་ན།།

རུས་པ་སྤར་གང་མེད་ཀྱང་སྲིད།།

འཚོ་བ་ཅི་ལྟར་གོད་ན་ཡང་།།

སང་ཉིན་ཉི་མ་སྔར་བཞིན་འཆར།།

སྲོག་གི་རྒྱུན་ཐག་མ་ཆད་ན།།

མི་ཚེའི་རི་མོ་བྲི་དགོས་འདུག།

འཁོར་བ་འཁོར་བའི་འཇིག་རྟེན་ནས།།

དགའ་སྐྱོ་ཟུང་གིས་མི་ཚེ་སྐྱེལ།།

ནམ་ཟླས་དྲོ་ཁ་རུམ་ན་ཡང་།།

སེམས་པ་དགུན་གཞུང་ཐང་དུ་ལུས།།

མི་ཚེ་གཅིག་རེད་འཚོ་བ་གཉིས།།

སུ་ཡི་གམ་དུ་ལས་ཀྱི་མི།།

ཐོབ་པ་གཅིག་རེད་ཤོར་བ་གཉིས།།

དགའ་བས་བསུ་ཞིང་གདུང་བས་སྐྱེལ།།



  • ལེ་ཚན་སྔོན་མ།:ཚོར་བའི་བདེན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།