ཙན་དན་སྡོང་པོ།

ཆང་གཞོན་ནུ།        2024-01-02

དེ་ཡང་རང་རེའི་གངས་ཅན་གྱི་ལྗོངས་སུ།ཡུལ་ལྷ་དང་གཞི་བདག་མང་དུ་མཆིས་པ་ལས།ཡུལ་མདོ་སྟོད་དུ་ཡོད་པའི་གཞི་བདག་བཙན་ལྷ་དམར་རྒོད་ཅེས་པ་ནི་ཤིན་ཏུ་གཉན་ཞིང་མཐུ་ཆེ་ལ།གྲགས་པ་འབར་བ་ཞིག་ཡིན་པས་ཡུལ་མི་མང་པོས་སྡོངས་གྲོགས་དང་སྐྱབས་གནས་སུ་བསྟེན་ཅིང་།དམར་བསང་དང་དམར་མཆོད་བྱེད།གཞི་བདག་དེ་ལ་མཛེས་སྡུག་ལྟ་བས་ཆོག་མི་ཤེས་ཤིང་སེམས་རྒྱུད་དང་གཤིས་ཀ་ཡག་པའི་བུ་མོ་ལྷ་མོ་བདེ་སྦྱིན་དཔལ་མོ་བྱ་བ་ཞིག་ཡོད།

ནམ་ཞིག་གི་ཚེ།མདོ་སྨད་ཀྱི་བླ་ཆེན་ཞིག་ཡུལ་དབུས་གཙང་དུ་བྱོན་པའི་ཚེ།ལྷ་གཉན་གཞི་བདག་ཡོད་དོ་ཅོག་ཕྱོགས་གཅིག་ཏུ་འདུས་ནས་ཆིབས་བསུ་བྱེད་སྐབས།ལྷ་མོ་བདེ་སྦྱིན་དཔལ་མོ་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ།ནག་ཕྱོགས་དགྲ་ཡི་ཁ་གནོན།མགོ་ནག་ཀུན་གྱི་དཔུང་གྲོགས་སུ་གྱུར་ཅིང་ལང་ཚོའི་གཟི་དཔལ་འབར་བའི་ཡུལ་མདོ་སྨད་ཀྱི་གཞི་བདག་ཀླུ་དབང་གངས་བཟང་དཀར་པོ་ཞེས་པ་དང་འཕྲད་ཅིང་།ཕན་ཚུན་བརྩེ་དུངས་ཀྱི་འོ་ཆུ་གཅིག་ཏུ་འདྲེས་ཤིང་ཁ་ཆད་དང་དུས་ཆད་བཏབ་ནས་གསང་སྟབས་ཀྱིས་མདོ་སྨད་དུ་བྲོས།ཡིན་ནའང་།གནས་ཚུལ་དེ་གཞི་བདག་བཙན་ལྷ་དམར་རྒོད་ཀྱིས་ཤེས་ནས་འཁོར་དང་དཔུང་ཚོགས་བསྡུས་ཤིང་དུག་མདའ་གནམ་ལྕགས་འབར་བ་ཐོགས་ཏེ་ཁོ་གཉིས་ཀྱི་ར་མདར་བརྒྱུགས་སོ།།

ར་མདར་ཡོང་ནས་གཞི་བདག་ཀླུ་དབང་གངས་དཀར་དང་ཉིན་ཞག་བཅོ་བརྒྱད་ལ་འཐབ་མཐར།གཞི་བདག་བཙན་ལྷ་དམར་རྒོད་ཀྱིས་དུག་མདའ་གནམ་ལྕགས་འབར་བ་ལྐོག་འཕེན་བྱས་པ་ཀླུ་དབང་གངས་དཀར་གྱི་སྙིང་ལ་ཕོག་ཅིང་ཟུངས་ཁྲག་མང་དུ་བརྡོལ་ནས་སྐུ་གཤེགས།རང་གི་མཛའ་བོ་དམར་གསོད་བཏང་ཚུལ་དེ་ལྷ་མོ་བདེ་སྦྱིན་དཔལ་མོས་མཐོང་ནས་རང་གི་ཨ་ཕ་ལ་ཡིད་སྡང་སྟེ།ལྷ་ཡུལ་གྱི་ཀླུང་ཆེན་བརྒལ་བ་ཐར་མེད་ཅེས་པ་མི་ཡུལ་དུ་དྲངས་ནས་ཕ་བུ་གཉིས་ཀྱི་བར་མཚམས་བཅད་དེ་དུས་གཏན་དུ་འགྲོ་འོང་དང་ཁ་བསྲེ་མེད་པར་བྱས་ཤིང་།མོས་མི་ཚེ་གང་བོར་རང་གི་མཛའ་བོ་གཤེགས་ཤུལ་བསྲུངས་ནས་དེ་རུ་གཞིས་ཆགས་རྒྱུའི་དམ་བཅས།ཁོ་གཉིས་ཀྱི་བརྩེ་དུང་གིས་ལྷ་མི་རྣམས་ཡིད་འགུལ་ཐེབས་ཤིང་།ལས་དང་སྨོན་ལམ་གྱི་སྟོབས་ཀྱིས་གཞི་བདག་ཀླུ་དབང་གངས་བཟང་གི་བླ་ཤིང་ཙན་དན་སྦྲུལ་གྱི་སྙིང་བོ་དེ་ལྷ་མོ་བདེ་སྦྱིན་དཔལ་མོའི་གནས་རིའི་འདབས་སུ་སྐྱེས་ཤིང་ཁོའི་བླ་སྲོག་དེ་ལ་ཞུགས།

བགྲང་བྱ་མང་པོ་ཞིག་འགོར་རྗེས།རི་འདབས་དེ་རུ་ཁྱིམ་ཚང་ཞིག་གཞིས་ཆགས།ཁྱིམ་དེར་སྨན་པ་རྒན་པོ་ཞིག་ཡོད་ཅིང་།ཁོར་དྲག་སྐྱེད་འབྱུང་དཀའ་བའི་ནད་གཞི་ལྕི་མོ་ཞིག་གིས་ལོ་མང་དུ་མནར་ཡོད།ཉིན་ཞིགརྒན་པོ་གཞི་བདག་ཀླུ་དབང་གངས་དཀར་གྱི་བླ་ཤིང་གི་བསིལ་འོག་ཏུ་བསྡད་དེ་རྒྱབ་སྡོང་པོར་ཁེན་ནས་ངལ་གསོས།ཅུང་ཙམ་འགོར་རྗེས་ཁོ་རང་ཅི་ཡིན་འདི་ཡིན་མེད་པར་གཉིད་དུ་ཤོར་ཞིང་།རྨི་ལམ་དུ་གོས་དཀར་མནབས་ཤིང་ཆིབས་རྟ་རྐྱང་དམར་བཅིབས་པ་ཞིག་གིས་ལག་གཡུག་ཡང་ཡང་བྱེད།ཁོ་རང་ཚམ་ཚོམ་ཅི་ཡང་མེད་པར་དེའི་གམ་དུ་སོང་བ་ལ།རྟ་ཞོན་དེས་རང་གི་རུམ་ནས་བུམ་ཆུང་གསེར་མདངས་ལྡན་པ་ཞིག་བླངས་ཤིང་བུམ་ནང་གི་འོ་མ་དཀར་པོ་རྒན་པོའི་སྟེང་ཡོངས་སུ་བླུགས་རྗེས“ཁྱོད་ཀྱི་ནད་གདོན་བདག་གིས་སེལ་བ་ཡིན།།ཁྱོད་ཀྱང་བདག་བཞིན་འགྲོ་བའི་ནད་སེལ་ཤོག།བདག་གི་བླ་ཤིང་འདི་ལ་གཅེས་པར་མཛོད།། ”ཅེས་གསུངས་རྗེས་རྟ་ཕོ་ལ་ལྕག་གིས་བྲབས་ཏེ་རྒྱང་དུ་ཕྱིན་ཞིང་རྟ་ཕོས་འཚེར་སྐད་ལྷང་ལྷང་ཞིག་བསྒྲགས་པ་ན།རྒན་པོ་རྨི་ལམ་ལས་སད།ཁོའི་ལུས་སེམས་ལ་སྨྲ་མི་ཤེས་པའི་བདེ་བ་ཁྱད་པར་བ་ཞིག་སྐྱེས་ཤིང་རང་གི་ནད་གཞི་དྲག་སྐྱེད་དུ་སོང་བའི་ཚོར་བ་བྱུང་།མྱུར་བར་ཡར་ལངས་ནས་ཕར་འགྲོ་ཚུར་འགྲོ་དང་ཕར་ལྟ་ཚུར་ལྟ་ལན་འགའ་བྱས་པ་ན་དངོས་གནས་སྔོན་གྱི་ནད་ནི་སངས་དྲག་ཏུ་སོང་ཞིང་རྐང་ལག་ཇེ་བདེར་གྱུར་ཅིང་།མིག་དང་རྣ་བ་ཡང་ཇེ་གསལ་དུ་སོང་འདུག།རྒན་པོ་ཤིན་ཏུ་དགའ་བའི་མོད་ལ་སེམས་སུ་སྡོང་པོ་འདི་ནི་ཤིན་ཏུ་ཁྱད་པར་བ་ཞིག་སྟེ།ལྷ་ཀླུ་གཉན་གསུམ་གང་རུང་གི་བླ་ཤིང་ཡིན་སྲིད་པར་མ་ཟད་འགྲོ་བའི་ནད་གདོན་སེལ་བའི་ཤིང་མཆོག་ཅིག་ཡིན་པས།རྨི་ལམ་ནང་གི་ཡུལ་ལྷ་དེས་གསུངས་པ་བཞིན་ཁོ་བོས་ད་ནས་བཟུང་ཐག་ཉེ་རིང་གི་ནད་པ་ཀུན་ནད་ལས་གྲོལ་ཕྱིར་འབད་པ་བསྟེན་རྒྱུ་ཡིན་ལ།སྨན་རིན་ཡང་ལེན་རྒྱུ་མིན་པའི་དམ་བཅའ་བྱས་ཏེ་སྡོང་མགོར་ཁ་བཏགས་དཀར་གཙང་ཞིག་འཕངས་ནས་ཚེ་ཐར་དུ་བཏང་ངོ་།།དེའི་རྗེས་སུ་སྨན་པ་རྒན་པོས་ནད་པ་རྐང་ལག་ཞ་བ་དང་།མིག་ཞར་བ།རྣ་འོན་པ།ངག་ལྐུགས་པ།རིག་པ་མི་གསལ་བ་དག་སྡོང་འགྲམ་དུ་ཁྲིད་ནས་དེ་ལ་སྐོར་བ་དང་ཐུག་རེག་སོགས་བྱེད་དུ་བཅུག་ཅིང་དེ་ནས་ཁོ་རང་གིས་སྨན་བསྡེབས་པ་དག་བྱིན།དེ་ལྟར་ཅུང་ཙམ་འགོར་རྗེས་ནད་པ་དག་དྲག་སྐྱེད་དཔེ་མེད་པ་བྱུང་ཞིང་།སྨན་པ་རྒན་པོ་དེའི་མཚན་སྙན་གང་སར་ཁྱབ་ཅིང་དགུང་ལོ་བརྒྱ་དང་ཉི་ཤུར་འཚོ་ཐུབ་པར་གྱུར།

ཁོ་ལ་བུ་ཞིག་ཡོད་པའི་མིང་ལ་གཞན་གྱིས་འཚོ་བྱེད་ནག་རྡོ་ཟེར།ཁོ་ནི་ཕ་དང་མི་འདྲ་བར་གཤིས་སྤྱོད་ངན་ཞིང་།གོང་དཔོན་པོའི་ཚོགས་ལ་ངོ་དགའ་སྤྲེལ་ལད་འཁྲབ་པ་དང་དམའ་གཉོམ་ཆུང་གི་སྐོར་ལ་རྫིག་རྫིག་རྔམ་རྔམ་བྱེད་པས།ཀུན་གྱིས“ཕ་རྒོད་པོ་ཤ་ཟན་ཞིག་ལ་བུ་ཁྭ་ཏ་སྐྱག་ཟན་ཞིག་སྐྱེས་འདུག”ཟེར།འཚོ་བྱེད་ནག་རྡོས་ཕ་འཚོ་བཞུགས་གནང་དུས་ཁོ་ཚང་གི་རྒྱབ་ཏུ་ཡོད་པའི་སྡོང་རྒན་དེར་བསང་མཆོད་དང་སྐོར་བ་བྱེད་པ་གླེན་རྟགས་ཤིག་ཏུ་མཐོང་ཞིང་།སྡོང་རྒན་དེ་བཅད་ནས་དེའི་ཆ་ཤས་སོ་སོ་སྨན་དུ་བསྡེབས་རྗེས་རིན་གོང་མཐོན་པོ་བྱས་ཏེ་ཕྱི་ལ་བཙོང་ན་མི་བཟང་ངམ་སྙམ་ཡོད།ཕ་འདས་ཁར་ཁོ་ལ་སྡོང་པོ་དེ་གཅད་མི་ཉན་ཚུལ་དང་སྲུང་སྐྱོང་བྱ་དགོས་ཚུལ་སོགས་མང་དུ་གདམས་ནའང་།རྒྱུ་ནོར་ལ་སྲེད་པའི་འཚོ་བྱེད་ནག་རྡོས་དེ་དག་རྣ་རྒྱབ་ཀྱི་ལྷགས་པར་བརྩིས་ཤིང་།སྟ་རེ་བྲག་རི་ཐུར་གཤགས་ཟེར་བ་ཁྱེར་ནས་སྡོང་པོ་གཅོད་དུ་སོང་།སྡོང་པོའི་གམ་དུ་འབྱོར་ནས་གཅོད་གྲབས་བྱེད་སྐབས།སྡོང་པོ་ལས“དེ་ལྟར་རིགས་སམ་འཚོ་བྱེད་བུ།།ཁྱོད་ཀྱི་ཕ་དེ་བདག་གིས་བསྐྱབས།།བདག་ལ་བརྟེན་ནས་སྙན་པ་རྒྱས།།དྲིན་ལན་གཟོ་བར་མ་བསམ་ཡང་།།ཚེ་སྲོག་ལེན་དོན་ཅི་ལ་ཡོད།།བདག་ནི་བརྩེ་དུངས་དབང་གིས་ནི།།གནས་འདིར་ཆགས་ཤིང་འབྲལ་བར་ཁག།།སྙིང་གི་མི་དང་གྱེས་པར་དཀའ།།འཚོ་བྱེད་གཞོན་ནུས་ཐུགས་རྗེས་གཟིགས།།”ཞེས་བཤད་ཀྱང་རྒྱུད་གཏུམ་ཞིང་ངན་པའི་འཚོ་བྱེད་ནག་རྡོས་དེ་དག་ལ་མ་ཉན་པར་སྟ་རེས་བླ་ཤིང་དུམ་བུར་བཅད་ཅིང་།སྡོང་བོ་ལས་ཁྲག་དམར་པོ་བརྡོལ།

ཁོས་བླ་ཤིང་བཅད་རྗེས་ཆ་ཤས་དུ་མར་གསིལ་ཏེ་སྨན་དུ་བསྡེབས་ནས་ཀུན་ལ་རིན་གོང་མཐོན་པོ་བྱས་ནས་བཙོངས།སྨན་ནུས་ཁྱད་པར་དུ་འཕགས་པས་འཚོ་བྱེད་ནག་རྡོ་མྱུར་བར་རྒྱུ་འབྱོར་རྒྱས་ཤིང་གྲགས་སྙན་ས་སྟེང་དུ་ཁྱབ།སྐབས་དེར།གཞི་བདག་མ་ལྷ་མོ་བདེ་སྦྱིན་དཔལ་མོ་རེ་ཞིག་གཞན་ཡུལ་དུ་ཆས་པ་ཕྱིར་ཡུལ་དུ་ལོག་སྟེ་གནས་ཚུལ་དེ་ཤེས་རྗེས།ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ནས་ཆུ་ཀླུང་བརྒལ་བ་ཐར་མེད་ཀྱི་ནང་གི་ཆུ་སྲིན་མཆེ་བ་དགུ་ལྡན་མངགས་ཏེ་འཚོ་བྱེད་ནག་རྡོ་གསོན་ཟ་བྱེད་དུ་བཅུག།མོ་རང་བླ་ཤིང་བཅད་ཤུལ་དུ་ཡོང་ནས་རང་ཉིད་གཞན་ཡུལ་དུ་ཆས་པར་འགྱོད་པ་ཤུགས་དྲག་སྐྱེས་ཤིང་གདུང་བའི་མཆི་མ་ཆར་རྒྱུན་བཞིན་བཞུར་བ་ན།སྔོན་ཆད་སྨན་པ་རྒན་པོ་དེས་བླ་ཤིང་གི་ལོ་མ་ཞིག་ས་འོག་ཏུ་སྦས་ཤིང་སྟེང་དུ་རྡོ་སྐུ་ཆུང་ངུ་ཞིག་བཞེངས་ཡོད་པ་དེའི་སྟེང་མཆི་མ་ཟགས་པས།ལོ་མ་དེ་དེ་མ་ཉིད་དུ་ཡར་སྐྱེས་ཏེ་སྔོན་ཆད་ཀྱི་ཙན་དན་སྡོང་པོ་དང་འདྲ་བར་གྱུར་ཅིང་།སྡོང་པོ་ལས“མྱ་ངན་མ་བྱེད་བརྩེ་ལྡན་ལགས།།བདག་ནི་སླར་ཡང་གསོན་པར་གྱུར།།རྒྱུ་འབྲས་བསླུ་བ་མེད་པས་ན།།དྲིན་བྱས་པ་ལ་དགེ་ལེགས་འབྱུང་།།དྲིན་ལོག་བྱེད་ལ་འཚེ་བ་འབྱུང་།། ”ཞེས་སྐད་ཕྱུངས་ཤིང་ཁོ་གཉིས་ལ་ལྷན་འཛོམས་ཀྱི་སྐལ་བ་མངོན་དུ་གྱུར་ཏོ།།



  • ལེ་ཚན་སྔོན་མ།:འཚོ་བའི་གདམ་གསེས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།