རུལ་དྲི་འཐུལ་བའི་མེ་ཏོག

ཤ་འོད།        2023-12-25

དྲན་པ་ཡིས་མནར་བའི་ཉིན་ཞག་དང་ཟླ་བ་འདི་དག་ལ།

རླུང་བུ་བཞིན་རུམ་ཁ་རུ་གཡུག་ཡོང་བའི་ཕྱིར་

དྲན་གྱི་མེ་ལྕེ་དམར་པོ།

གསོལ་འདེབས་གྲངས་མེད་བྱས་ཤིང་མིག་ཟུང་མཆི་མས་བརླན།

ཁྱོད་ཀྱི་དྲོད་ཁོལ་གྱི་སྐད་ཆ་རེ།

བདག་ལ་ཨེ་འཆད་འདོད་དུས།

ཕྱི་རོལ་གྱི་རླུང་བུ་འཇམ་སོང་། ཁ་བ་དེ་འབབ་མཚམས་བཞག།

རི་དང་ལམ་མདོ་གང་ཞིག་ནས་ཁྱེད་ཕྱོགས་སུ་གྱེར་ཡང་།

ང་ཡིས་རྨི་ལམ་བཞིན་འཇམ་ལྷིང་ངེར།

ཁྱོད་ཀྱི་འཇིག་རྟེན་བཞིན་སྤྲོ་སེ།

འདི་ནི་ལོ་ཟླ་དང་དུས་ཚོད་ཀྱི་བར་ནས་བཙལ་བའི་

ཟླ་བའི་མིག་ཆུ་ཡིན་ནམ།

འདི་ནི་སྐྱོ་གར་དང་སྤང་ཐང་ནས་རྙེད་པའི་དར་

ལྕེ་རུལ་པོ་ཡིན་ནམ།

ཡལ་ཟིན་པའི་ཟིན་བྲིས་ལས་འཚེར་བའི་ཟླ་འོད།

གའུ་ཡི་འཛུམ་དམུལ་གྱིས།

འགྲོ་བ་ཀུན་གྱི་ཡིད་དབང་འགུགས་དུས།

གཏམ་རྒྱུད་གསལ་མོ་ཞིག་ཏག་ཏག་ཁྱོད་ཀྱི་ཚེ་

གྲོགས་གྱུར་སོང་།

སྟོང་བའི་ངང་ལས་བདག་དང་ལྷའི་དེ་ཁོ་ན་

ཉིད་དབྱེར་མི་ཕྱེ་པར།

མཚན་གཟུངས་ཁ་འདོན་བྱས།

བདག་ལ་ཉེས་དམིགས་ཅི་ཡང་མེད་ལགས།



  • ལེ་ཚན་སྔོན་མ།:ཁ་དོག་བོར་བའི་ཡིག་འཕྲིན།
  • ལེ་ཚན་རྗེས་མ།:སྨོན་པ་དབྱངས་ཀྱི་གར།