རང་མདངས། 2023-12-22
ཕུགས་བསམ་རྨི་ལམ་རིང་མོ་སེམས་ན་ཁྱེར། །
ཕ་མའི་རེ་ཞེན་ལྕི་བོ་ཡིད་དུ་སྒོམ། །
ཕ་ཡུལ་དག་པའི་ཞིང་ཁམས་རྒྱང་དུ་བསྐྱུར། །
གམ་གཉིས་སྟོང་གིས་བཅད་དེ་ལ་ལུང་བརྒལ། །
རྙིང་མའི་གདན་ས་དྲུག་གི་ཡ་གྱལ་ཏེ། །
གྲུབ་དབང་རྫོགས་ཆེན་པ་ཡི་ཆོས་གྲྭའི་མཐར། །
སློབ་ཚོགས་པདྨས་འབུངས་པའི་སྐྱེད་ཚལ་དུ། །
སད་སེར་སྟོང་གིས་གདུང་བའི་མེ་ཏོག་རྙིང་། །
བརྩོན་དང་འབད་པ་རེ་ཞིག་བྱེད་ཁུལ་གྱིས། །
ལོ་དང་ཟླ་བའི་དུས་ཚོད་གློ་བུར་ངང་། །
མི་སྡོད་སྐད་ཅིག་འགའ་ལ་སོང་ན་ཡང་། །
ཁོ་བོ་རྨོངས་རྟུལ་རིགས་སུ་སྔར་བཞིན་གནས། །
དམིགས་འབེན་ཀུན་དང་འདྲ་བ་སེམས་སུ་ལྕི། །
སློབ་ཚོགས་ཕྱོགས་སུ་འཁོར་བར་རང་ཡང་སྐོར། །
ཀུན་གྱིས་ཐུན་མཚམས་བཅད་དུས་ངས་ཀྱང་གཅོད། །
མཐོ་དམན་རིགས་སུ་ཆད་པ་སྔོན་གྱི་ལས། །
མིག་ན་མཆི་མས་རབ་རིབ་སྒྲིབ་གྱུར་ཅིང་། །
གདོང་ལ་ནག་ནོག་ཚོན་གྱིས་ཡང་བསྒྱུར་ཏེ། །
ངག་ནས་ངུ་བའི་སྒྲ་སྐད་ཆེ་ན་ཡང་། །
ཤེས་རབ་མཆོག་གི་རྩལ་ཁ་ཅི་ལ་གྲོལ། །
ཕར་བལྟས་གཙང་ཞིང་ལྷོད་པས་སྐྱིད་ཅིག་རིག །
གཞིག་ན་མགོ་རེག་འདི་ཡང་སླ་མིན་ཏེ། །
ཡོན་ཏན་དཔལ་གྱིས་མཛེས་པ་མིན་རུང་ཡང་། །
འདུལ་ཁྲིམས་གཙང་མབ་ཞིག་ཀྱང་དཀའ་པོ་ཡོད། །
རྩོམ་གསར། 10