ཁམས་འོད་གསལ། 2023-12-15
མི་རྟག་རི་མོ་བཀྲ་ནས་སྲིད་པའི་གཞུང་།།
བརྟན་མེད་འཚོ་བའི་དོན་དུ་བཞུད་དོན་ཡང་།།
རྣམ་དག་འགྲུལ་བཞུད་ཅིག་གི་ཞེན་པ་ལས།།
མྱུར་མོ་མྱུར་མོའི་ཆོས་ཚོགས་དལ་གྱིས་ཟད།།
ལས་ཀྱི་འཁྲེང་བ་ནང་གི་ཕྱི་ནང་གཉིས།།
ལོ་ཟླའི་སྒྱུ་འཕྲུལ་ལས་ལ་སྣང་བ་བཏགས།།
འཇིག་མེད་རང་བཞིན་སྙམ་ཡང་སྐད་ཅིག་ལ།།
སྙིང་ལ་སྡུག་པའི་དབྱར་གཞུང་ཇི་བཞིན་དུ།།
ངོ་མཚར་བཀོད་པ་ཡངས་ཀྱང་གློ་བུར་བའི།།
ངང་ཚུལ་རིང་མོའི་ལམ་ནས་འཇའ་ཚོན་ལྟར།།
མི་སྡོད་སྒྱུ་མའི་ཚོགས་ཀྱི་རང་བཞིན་ཟིན།།
ལས་ཀྱི་འཆར་ཡན་རིང་ཡང་ཐོལ་བྱུང་དུ།།
མི་རྟག་རླུང་གི་བཞུད་སྒྲས་རྒྱང་རིང་ཁུར།།
སྣང་བ་འཕྲལ་དུ་ཐུག་པའི་མཛེས་སྡུག་རེ།།
ཐེག་ཟུག་ངང་ཚུལ་བཏགས་ཀྱང་ཡིད་ཙམ་ལ།།
སྲིད་པའི་སྐྱོ་གར་འཁྲབ་པའི་བརྗོད་གཞི་ཞིག།
ལས་དབང་ཆ་འགྲིག་ཅིག་གིས་ཞེ་ལ་བསྐུར།།
སྲིད་པའི་གད་ཆག་ཁྲོད་ནས་འཚོ་བས་རུམ།།
རྣམ་དག་ལས་ཀྱིས་བཟུང་བ་ཚོར་རྟོགས་བྱུང་།།
འདི་ནི་སྲིད་པའི་ཁྲོད་ནས་རྟོག་བཏགས་མིན།།
དངོས་ཀྱི་རྒྱུད་རིམ་ཞིག་ནི་འདི་གཞན་དཀོན།།
གྱེས་བྲལ་ཐ་སྙད་ཚོགས་ཀྱིས་འཁོར་བ་ནས།།
འདུ་འབྲལ་འཚོ་བའི་ཀློང་ལ་ཚོར་བྱུང་རྨས།།
ངག་རིག་གྱ་གྱུའི་ལམ་དུ་སྣང་བརྙན་ཡངས།།
མི་འདོད་འགྲེལ་བཤད་ལམ་ནས་སོ་སོར་སྨིན།།
ལས་ཀྱི་སྟབས་ཀ་འགྲིག་དང་མི་འགྲིག་ལས།།
ཉག་ཐག་སྐྱོ་དབྱངས་ཕྲན་བུ་ཡིད་ལ་འཁོར།།
སྨྲེང་བ་རྒྱང་ལ་བསྐུར་ཀྱང་ལས་འཕྲོ་བསམ།།
སྐར་མ་སྨིན་དྲུག་ཇི་བཞིན་ཁག་ཁག་ཡིན།།
དེ་བས་སྲིད་པའི་སྨྲེང་བ་ལས་ཀྱིས་འགྲེལ།།
རྩོམ་གསར། 10