ཡུལ་མི་ཚོའི་སྐྱིད་སྡུག་སེམས་སུ་ཉར་བའི་ཧྲུའུ་ཅི་བཟང་པོ།

སྐལ་ཐུབ་ཀྱིས་བསྒྱུར།        2023-12-15

སི་ཁྲོན་ཞིང་ཆེན་གྱི་དམག་ཁོངས་ནས་འཐེན་པའི་དམག་མི་བཟང་པོ་བཀྲ་ཤིས་ཀྱི་གནས་ཚུལ་རགས་བཀོད།

ཡུལ་མི་ཚོའི་སྐྱིད་སྡུག་སེམས་སུ་ཉར་བའི་ཧྲུའུ་ཅི་བཟང་པོ།

ཉེ་སྔོན་ལ། སི་ཁྲོན་ཞིང་ཆེན་གྱི་དམག་ཁོངས་ནས་འཐེན་པའི་དམག་མི་བཟང་པོའི་མིང་ཐོ་ཐོག་མ་བསྒྲགས་པའི་ནང་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་དཀར་ཐང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ཀྱི་མིང་ཡང་ཡོད་པས་དེ་ནི་ཁོ་རང་མི་སྒེར་གྱི་ངོས་ནས་བཤད་ན་མི་ཚེའི་དོན་ཆེན་ངོ་མཚར་བ་ཞིག་དང་བྱས་འབྲས་བསྔགས་རུང་བ་ཞིག་ཡིན་ལ། དཀར་ཐང་གྲོང་རྡལ་གྱི་ཡུལ་མི་ཚོ་ལ་མཚོན་ན་ཡང་ཚང་མའི་གཟི་བརྗིད་ཅིག་དང་གླེང་རིན་ཡོད་པའི་དོན་དག་ཅིག་ཀྱང་རེད། དམག་མི་བྱས་མྱོང་བའི་བཀྲ་ཤིས་ལ་དཔའ་མི་ཞུམ་པའི་དམག་མིའི་བློ་སྤོབས་ཡོད་ཅིང་། ལས་ལ་མཐའ་གཅིག་ཏུ་བརྩོན་པའི་ངར་ཤུགས། ཀུན་གྱི་ཁས་ལེན་ཐོབ་པའི་ལས་ཀའི་འཇོན་ཚད། ཡུལ་མིའི་སྐྱིད་སྡུག་སེམས་སུ་ཉར་བའི་བརྩེ་ཆེན་ཡོད། ཁོང་གིས་དམག་མི་བྱས་མྱོང་བའི་མི་ནི་གཞན་ལས་ཁྱད་དུ་འཕགས་དགོས་ཞེས་པའི་ཚིག་དེ་ལ་འགྲེལ་བཤད་ཡག་པོ་ཞིག་བརྒྱབ་ཡོད།

དོ་དོ་དན་དན་གྱི་ཧུར་སྒྲུབ་སེམས་པ་ནམ་ཡང་འགྱུར་བ་མེད། 

སྤྱི་ལོ1999ལོར་བཀྲ་ཤིས་ལོ18ཡིན་ཞིང་། གཉེན་ཉེ་ཚོའི་མངགས་བཅོལ་དང་རང་གི་ཕུགས་འདུན་གྱི་ཆེད་དུ། ཕ་ཡུལ་ནས་ཁ་གྱེས་ཏེ་ནང་སོག་ཁྲེ་ཧྥེང་གི་དམར་སྒར་དུ་བསྐྱོད་ནས་དམག་མི་ཞིག་ཏུ་གྱུར། ཆུང་དུས་ནས་རང་གི་ཨ་ཞང་གི་ཤུགས་རྐྱེན་ཐེབས་པའི་དབང་གི་བཀྲ་ཤིས་ཆུང་དུས་ཀྱི་ཕུགས་འདུན་ནི་དམག་མི་ཞིག་བྱ་རྒྱུ་ཡིན་པ་རེད། དམག་སྒར་དུ་འབྱོར་བ་ནས་བཟུང་ཁོའི་ཕུགས་འདུན་ཡང་ཡོངས་སུ་གྲུབ་ཡོད།

དམག་དཔུང་དུ་སླེབས་རྗེས། བཀྲ་ཤིས་ཀྱིས་དཀའ་བ་གདོང་གིས་བསུ། ངལ་བ་དང་དུ་ལེན། ཉམས་སད་བརྒྱ་སྟོང་ཐེག་ཐུབ་པའི་སྒོ་ནས་འཕྲུལ་དམག་ཕུལ་དུ་བྱུང་བའི་གྲས་སུ་ཚུད་པ་དང་ཆབས་ཅིག། གུང་ཁྲན་ཏང་མི་ཞིག་ཀྱང་གྱུར། ཁོང་གི་དམག་ནང་གི་གནས་ཚུལ་ཡང་ད་ལྟ་ཁོང་གི་ཁྱིམ་དུ་ཉར་ཡོད་པའི་དམག་མི་ཕུལ་བྱུང་གི་བྱ་དགའ་གཟེངས་རྟགས་ལས་མཚོན་ཐུབ་ཀྱི་ཡོད། བྱ་དགའ་གཟེངས་རྟགས་དེ་དཀའ་ངལ་དང་འཕྲད་ཐེངས་རེར་བཀྲ་ཤིས་ཀྱི་སྐུལ་ཤུགས་སུ་གྱུར་ཡོད་ལ། ཁོང་གིས་བྱ་དགའ་གཟེངས་རྟགས་འདིས་ནམ་ཡང་ང་རང་ལ་སྐུལ་ལྕག་ཐེབས་བཞིན་ཡོད། དམག་དཔུང་ནས་ཡོང་མཁན་ཞིག་ཡིན་ཕྱིན་དཀའ་ངལ་ལ་གདོང་གཏད་ཕོད་དགོས་ལ་ལན་བརྒྱ་ཕམ་རུང་དཔའ་ཞུམ་རྒྱུ་མེད། ངས་ཚད་གཞི་ཆེས་མཐོན་པོ་དང་བླང་བྱ་ཆེས་ནན་པོ། གྲུབ་འབྲས་ཆེས་བཟང་པོའི་སྒོ་ནས་ཏང་དང་མི་དམངས་ལ་དྲིན་ལན་འཇལ་དགོས་ཞེས་བཤད།

2001ལོའི་དགུན་དུས་ལ་བཀྲ་ཤིས་དམག་ཁོངས་ནས་ཕ་ཡུལ་དུ་ལོག། ཁོང་ལས་གནས་ཐེངས་འགའ་ལ་སྤོས་མྱོང་ཞིང་། ལས་སྒྲུབ་ཉམས་མྱོང་ཕུག་སུམ་ཚོགས་པོ་ཡོད། ལས་གནས་གང་དུ་ཡོད་ཀྱང་ཁོང་གིས་འགན་འཁྲི་འཁུར་སེམས་ཆེན་པོས་ལས་དོན་ལ་མཐའ་གཅིག་ཏུ་འབད་དེ་དམག་མིའི་རང་གཤིས་ནམ་ཡང་དོར་མེད། གསལ་ལ་ཡུལ་ཤོག་ཏུ་ལས་དོན་སྒྲུབ་སྐབས་ཁོང་གིས་དམག་མི་གསར་པ་བསྡུ་དཀའ་བའི་ཁུར་ཆེན་ཕྲག་ཏུ་བླངས་ཏེ། གྲོང་བསྐྱོད་ཁྱིམ་འཛུལ་གྱི་སྒོ་ནས་ན་གཞོན་ཚོ་ལ་སྲིད་ཇུས་སྒྲོག་འགྲེལ། ཁོ་རང་གི་དམག་ཞུགས་མྱོང་བ། མ་འོངས་མདུན་ལམ་སོགས་ཀྱི་ཁ་ཏ་བསླབ་བྱ་ཡང་ཡང་བྱས་མཐར་གསལ་ལ་ཡུལ་ཤོག་གི་ན་གཞོན་མང་པོ་དམག་ནང་ཞུགས་ཤིང་། དེའི་ཁྲོད་དུ་བཀྲ་ཤིས་ཀྱི་ནུ་བོ་ཤེས་རབ་ཉི་མ་ཡང་ཡོད། དེར་བརྟེན་བཀྲ་ཤིས་ལ་ཡང་དམག་བསྡུ་སྔོན་ཐོན་མི་སྣ་ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

བཀྲ་ཤིས་ངོ་ཤེས་མཁན་ཚོས་ནམ་རྒྱུན་ཁོ་ནི་ལས་དོན་སྒྲུབ་པར་སྐྱོ་ངལ་མེད་པའི་མི་ཞིག་ཡིན། ལས་དོན་བསྒྲུབ་རྒྱུ་ནི་ཁོའི་སྤྲོ་སྣང་དང་དགའ་ཕྱོགས་ཆེ་ཤོས་ཡིན་ཞེས་པའི་གཏམ་སྐད་ཆ་ཁ་ལ་བྱང་བྱང་རེད་མོད། འོན་ཀྱང་ཁོང་གི་བཟའ་ཟླའི་ངོས་ནས་འཁར་ར་དང་ལེ་བདའ་མང་པོ་ཡོད་ཅིང་མོས་ལོ་འདི་ཚོ་རིང་ལ་བཀྲ་ཤིས་ཀྱི་དུས་ཚོད་མང་ཤོས་ལས་དོན་སྒྲུབ་པར་སྤྱད་པ་ལས་ཁྱིམ་མི་དང་མཉམ་དུ་འདུག་པའི་དུས་ཚོད་ཧ་ཅང་ཉུང་ཉུང་རེད་ཅེས་བཤད་པ་རེད། 

ཡུལ་མི་ཚོའི་སྐྱིད་སྡུག་སེམས་སུ་ཉར་བའི་ཧྲུའུ་ཅི་བཟང་པོ།
བཀྲ་ཤིས་ཀྱིས་ཕྱུགས་གསོ་ར་བར་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ། ( གཡོན་གྱི་དང་པོ།)

འགན་འཁྲི་ཕྲག་ཏུ་ཁུར་ནས་ཡུལ་སྡེ་དར་རྒྱས་གཏོང་བར་འབད། 

དབུལ་པོ་ལས་ཐར་བ་ནི་མཐར་ཐུག་གི་དམིགས་བྱ་མིན་ཞིང་། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ཡིན། དེ་བས་དབུལ་ཐར་འགག་སྒྲོལ་གྱི་རྨང་གཞིའི་ཐོག་ཡུལ་སྡེ་དར་རྒྱས་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་མུ་མཐུད་དེ་དབུལ་ཐར་ས་ཁུལ་འཕེལ་རྒྱས་ཡོང་བ་དང་མང་ཚོགས་ཀྱི་འཚོ་བ་ཇེ་ཡག་ཏུ་གཏང་དགོས་པ་རེད། ཡུལ་སྡེ་དར་རྒྱས་གཏང་དགོས་ན་ངེས་པར་དུ་ཐོན་ལས་དར་རྒྱས་གཏང་དགོས། བཀྲ་ཤིས་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ངོས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་ལས་འགན་ལྕི་ཞིང་དཀའ་ཚེགས་ཆེ་བ་ཡིན་པ་ཤེས་ཀྱི་ཡོད། ཁོང་གིས་དཀར་ཐང་གྲོང་རྡལ་གྱི་ནང་གནས་སྒུལ་ཤུགས་མི་འདང་བ་དང་ཚོང་འདྲེན་ནང་འགུགས་ཅུང་ཕྱིས་ཤིང་ཕན་འབྲས་ཡག་པོ་མེད་པ། ཡུལ་མིའི་བསམ་བློ་མཁྲེགས་འཛིན་ཆེ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། བཅར་འདྲི་དང་རྟོག་ཞིབ། ལྟ་སྐོར། ཞིབ་འཇུག་ཐེངས་མང་བྱས་ཤིང་། དཀར་ཐང་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་དང་ད་ཡོད་གནས་ཚུལ། དཀའ་ངལ། འབྱུང་འགྱུར་ཁ་ཕྱོགས་བཅས་དང་ཟུང་དུ་སྦྲེལ་ཏེ། ལྟེ་གནས་གཅིག་ལ་དམིགས་པ་དང་ས་རྒྱུད་བཞི་འཛུགས་པ། སྣེ་མང་པོའི་འདེགས་སྐྱོར་ཞེས་པའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་གཞིག་བཏོན་པ་སྟེ། ལྟེ་གནས་གཅིག་ལ་དམིགས་པ་ནི་ལྷ་ཟམ་ནས་དཔག་སྨད་བར་གྱི་གནམ་རིག་གླིང་ག་ཡུལ་སྐོར་ཁུལ་ལ་དམིགས་པ་དང་། ས་རྒྱུད་བཞི་འཛུགས་པ་ཞེས་པ་ནི་མཐོ་སྒང་ནས་སོན་ལག་ལེན་ས་རྒྱུད་དང་། མཐོ་སྒང་འབྲོག་ལས་དཔལ་འབྱོར་ས་རྒྱུད། མཐོ་སྒང་སྲོལ་རྒྱུན་རིག་གནས་མྱོང་རོལ་ས་རྒྱུད། མཐོ་སྒང་མེ་ཏོག་རྒྱ་མཚོའི་ལྟ་སྐོར་ས་རྒྱུད་འཛུགས་པ་བཅས་ལ་ཟེར། སྣེ་མང་པོའི་འདེགས་སྐྱོར་ཞེས་པ་ནི་ཡུལ་སྐོར་ལས་རིགས་ཁྱད་ཆོས་ལྡན་པ་དང་། ཁྱད་ཆོས་བཟོ་སྣོན་ལས་རིགས། ཁྱད་ཆོས་འདེབས་གསོ་ལས་རིགས་སོགས་ཀྱིས་གཡས་འདེགས་གཡོན་སྐྱོར་བྱེད་པར་ཟེར་བ་རེད།

བཀྲ་ཤིས་ཀྱིས་ཡུལ་མི་ཚང་མས་འབྱོར་འབྲིང་འཚོ་བར་རོལ་ཐུབ་དགོས་ན། ཡུལ་མི་ཚོ་ཐག་རིང་འགྲོ་མི་དགོས་པ་ཡོང་འབབ་རག་ཐབས་བྱེད་པ་ནི་དཀར་ཐང་གྲོང་རྡལ་གྱིས་ཐོན་ལས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ཡིན་ཞེས་བཤད། 2020ལོར། བཀྲ་ཤིས་ཀྱིས་ལུའུ་ཀྲོའུ་ཡིས་འདབ་པ་ལ་རོགས་སྐྱོར་བྱེད་པའི་གོ་སྐབས་དམ་དུ་བཟུང་ནས། མ་སྐུལ་དང་བླངས་

ཀྱིས་ལུའུ་ཀྲོའུ་རུ་བསྐྱོད་དེ་མཉམ་ལས་ཚོང་བདག་ཨེ་རག་བྱས། ཁོང་གིས་བརྩོན་ལེན་ཐེངས་མང་བརྒྱུད་མཐར་ལ་ཕུག་སྐམ་པོ་བཟོ་སྣོན་བྱེད་མཁན་གྱི་དཀར་མཛེས་དཀར་ཚོད་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་དཀར་ཐང་གྲོང་རྡལ་དུ་བཙུགས་ཐུབ་ཡོད།

བཀྲ་ཤིས་ཀྱིས་མཐུན་སྦྱོར་ཧུར་ཐག་བྱས་འབྲས་ལས། 2021ལོར་གྲོང་རྡལ་གྱི་ཞིང་དུད་དང་སྤྱི་གཉེར་ཁང་དེའི་བར་ལ་ཕུག་ཚོད་འདེབས་ཀྱི་གྲོས་མཐུན་བཞག་ནས་ཚོད་འདེབས་ལམ་ལྷོང་ཡང་བྱུང་ཡོད། 2022ལོར་དཀར་ཐང་གྲོང་རྡལ་གྱིས་ཡུལ་མི་ཚོའི་ལས་ཞུགས་དང་ཡོང་འབབ་འཕར་ཐབས་ལ་ཕུག་འདེབས་འཛུགས་རྟེན་གཞི་མུའུ་སྟོང་ཡོད་པ་ཞིག་སྐྲུན་པའི་འཆར་འགོད་བཀོད་ཡོད།

བཤད་རིན་ཡོད་པ་ཞིག་ནི། དཀར་ཐང་གྲོང་རྡལ་གྱིས་གསལ་ལ་སྐར་ཆུ་སྤྲོ་གསེང་གྲོང་སྡེ་དང་། གསལ་ལ་སིལ་ཏོག་གླིང་སོགས་ཁེ་ལས་ནང་འདྲེན་བྱས་ཤིང་། རྫོང་ཡོངས་སུ་གྲོང་རྡལ་དང་ཡུལ་ཤོག་རིམ་པའི་ཐོན་ལས་གླིང་ཁུལ་དང་པོ་བཙུགས་ཡོད། དེ་དང་མཉམ་དུ་ནས་སྔོ་ནག་མུའུ་སྟོང་རྟེན་གཞི་དང་། སྔོ་ཚལ་དྲོད་ཁང་མུའུ་བརྒྱ་རྟེན་གཞི། པད་སྣུམ་མུའུ་བརྒྱ་འདེབས་འཛུགས་རྟེན་གཞི་སོགས་ཀྱང་འཛུགས་བཞིན་པའི་སྒང་ཡིན་ལ། བར་མཐོང་ཁོར་ཡུག་ས་གདན་ཕྱོགས་འདུས་ལྟ་ཞིབ་ཚད་ལེན་ཁུལ་དང་། དྲི་མེད་འདུ་ཁང་དངོས་མང་བཤམ་སྟོན་ཁང་། མགུ་ར་སྦྱར་ལྕང་གླིང་ག། ཤྭ་ཁྲ་གླིང་ག། ལྷ་ཟམ་གྲོང་སྡེ་ཡུལ་སྐོར་ཞབས་ཞུ་བྱ་ཡུལ་སོགས་ལྗོངས་ཁུལ་དང་ལྗོངས་གནས་ཁག་བཙུགས་ཡོད་པར་བརྟེན། དཀར་ཐང་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་ཡོང་བར་གསོན་ཤུགས་གསར་པ་ཞིག་བསྣན་པ་རེད།

2021ལོར། དཀར་ཐང་གྲོང་རྡལ་གྱི་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་བྱེ་བ4དང་ས་ཡ5ལྷག་ལ་ཟིན་ཡོད་ཅིང་། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15838་ལ་ཟིན་ཡོད། མངའ་ཁོངས་སུ་ཡོད་པའི་དཔག་སྨད་གྲོང་སྡེར་སི་ཁྲོན་ཞིང་ཆེན་རིམ་པའི་ཡུལ་སྡེ་དར་རྒྱས་ཀྱི་སྔོན་ཐོན་སྡེ་ཚན་དང་སི་ཁྲོན་ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་རྟེན་གཞི་ཚན་འབོར་གསུམ་པའི་མཚན་སྙན་ཐོབ་པ་དང་། ལྷ་ཟམ་གྲོང་སྡེ་ལ་ཁུལ་རིམ་པའི་ཡུལ་སྡེ་དར་རྒྱས་དཔེ་སྟོན་གྲོང་སྡེའི་མཚན་སྙན་ཐོབ་ཡོད།

དམག་ཁོངས་ནས་འཐེན་པའི་དམག་མི་ཕལ་པ་ཞིག་ནས་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བཟང་པོ་ཞིག་གྱུར་པའི་བར་གྱི་ལོ་ཉི་ཤུ་ལྷག་གི་རིང་ལ། བཀྲ་ཤིས་ཀྱིས་གཉེན་ཉེའི་རེ་སྒུག་ཆུན་གསོན་དུ་མི་འཇུག་ཅིང་། རང་གི་འགན་འཁྲི་འཁུར་སེམས་ལ་ངོ་གནོང་མི་དགོས་ལ། ཡུལ་མིའི་ཚོའི་འདོད་མོས་སྟོང་མེད་དུ་བཏང་མེད། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་དམག་ཁོངས་ནས་འཐེན་པའི་དམག་མིའི་རང་གཤིས་མངོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཁོངས་ནས་འཐེན་པའི་དམག་མི་ལ་ལས་དོན་ཕུལ་དུ་བྱུང་བ་སྒྲུབ་ཅིང་མི་ཚེ་ངོ་མཚར་ལྡན་པར་བྱ་དགོས་ཞེས་ཐུགས་རེ་གནང་བའི་དགོངས་དོན་ལག་ལེན་དུ་བསྟར་བཞིན་ཡོད། མ་འོངས་པའི་སྐོར་གླེང་བའི་ཚེ་བཀྲ་ཤིས་ཀྱིས་མུ་མཐུད་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་ཁོངས་ནས་འཐེན་པའི་དམག་མིའི་རང་གཤིས་དང་རང་མདངས་མི་འགྱུར་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ཡུལ་མི་ཚོའི་བདེ་སྐྱིད་འཚོ་བའི་སོ་སྲུང་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།




  • ལེ་ཚན་སྔོན་མ།:སྲུང་སྐར་ནས་སའི་གོ་ལར་ལྟ་ཞིབ་བྱེད་མཁན་བོད་རིགས་ ཀྱི་ཚན་རིག་པ་ཚེ་རིང་སྒྲོལ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།