སྲུང་སྐར་ནས་སའི་གོ་ལར་ལྟ་ཞིབ་བྱེད་མཁན་བོད་རིགས་ ཀྱི་ཚན་རིག་པ་ཚེ་རིང་སྒྲོལ་མ།

ལྷ་འཛོམས་ཀྱིས་བསྒྱུར།        2023-11-17

སྲུང་སྐར་ནས་སའི་གོ་ལར་ལྟ་ཞིབ་བྱེད་མཁན་བོད་རིགས་ ཀྱི་ཚན་རིག་པ་ཚེ་རིང་སྒྲོལ་མ།
འདི་ནི་ཚེ་རིང་སྒྲོལ་མས་འཚུབ་བསྟུན་དོ་དམ་པུའུའི་རྒྱལ་ཁབ་རང་བྱུང་གནོད་འཚེ་འགོག་བཅོས་ཞིབ་འཇུག་ཁང་གི་བར་མཐོངས་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ནས་བཅར་འདྲི་དང་ལེན་བྱེད་བཞིན་པ།

ཁོ་མོས་རྒྱུན་དུ་ལྗིད་ཚད་རྒྱ་མ་བཅུ་ཙམ་ཡོད་པའི་གློག་ཀླད་ཆེན་པོ་ཞིག་ཁུར་ནས་མིག་འཁྲུལ་བའི་རི་མོ་དང་འཁྱོག་ཐིག་ཐག་གཅོད་སོགས་ཀྱི་ལས་ཀར་ཞུགས་པ་དང་།ཉིན་ལྟར་སྙན་ཞུ་དང་ཚབ་ཨང་འབྲི་བ་སོགས་ཀྱི་བྱ་བར་བྲེལ་བཞིན་ཡོད་དེ། ཁོ་མོ་ནི་སའི་གོ་ལ་དང་བར་སྣང་དངོས་ལུགས་ལ་ཞིབ་འཇུག་བྱེད་མཁན་གྱི་བོད་རིགས་བུད་མེད་ཚན་རིག་པ་ཚེ་རིང་སྒྲོལ་མ་ཡིན།

ཚེ་རིང་སྒྲོལ་མ་ནི་འཚུབ་བསྟུན་དོ་དམ་པུའུའི་རྒྱལ་ཁབ་རང་བྱུང་གནོད་འཚེ་འགོག་བཅོས་ཞིབ་འཇུག་ཁང་གི་བར་སྣང་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་བ་ཡིན་ལ། ཀྲུང་གོའི“ཀྲང་ཧེང་ཨང་རྟགས་དང་པོའི”གློག་སྡུད་སྲུང་སྐར་འཆར་གཞི་བཀོལ་སྤྱོད་མ་ལག་གི་སྤྱི་ཁྱབ་ཇུས་འགོད་པའང་རེད། གནའ་རབས་ཀྱི་ས་འགུལ་དཔྱད་ཆས་གསར་གཏོད་པའི་མིང་བཏགས་པའི་འཁོར་སྐར་འདིས་ས་འགུལ་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་བྱེད་ཀྱི་ཡོད། དེའི་སྐར་མ་ཐོག་མ01རྟགས་ཅན་སྐར་མ་འཁོར་ལམ་ཐོག་འཁོར་སྐྱོད་བྱས་ནས་ལོ5སོང་རིང་གོ་ལ་ཧྲིལ་པོའི་ས་འགུལ་དང་འབྲེལ་བ་ཡོད་པའི་ཚན་རིག་གི་ཆ་འཕྲིན་མཁོ་འདོན་བྱེད་ཀྱིན་ཡོད།

ས་འགུལ་མ་བྱུང་གོང་། སའི་གོ་ལའི་ནང་ཁུལ་གྱི་བྲག་རྡོ་གཙུབ་བརྡར་བརྡུངས་རེས་བྱས་ནས་གློག་སྡུད་རླབས་ཤིག་བྱུང་བ་དང་།དེ་ནས་རླུང་ཁམས་ཆེན་མོའི་བང་རིམ་ལ་མཆེད་པར་བྱེད། སྐབས་དེར་བར་སྣང་གི“ཀྲང་ཧེང་ཨང་རྟགས་དང་པོ”ཡིས་བར་སྣང་གི་གློག་སྡུད་བརྡ་རྟགས་འཛིན་ཏེ་གཞི་གྲངས་ས་ངོས་སུ་བརྒྱུད་སྤྲོད་བྱས་པ་རེད། ཞིབ་འཇུག་མི་སྣས་གྲངས་གཞིར་དབྱེ་ཞིབ་བྱས་པ་བརྒྱུད་ས་འགུལ་རྒྱུག་པའི་བརྒྱུད་རིམ་ལ་ཕྱིར་མིག་ལྟ་བ་དང་ཆོས་ཉིད་ལ་ཕྱོགས་སྡོམ་བྱས་ནས་མཐར་ས་འགུལ་ལ་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།

སྲུང་སྐར་སྤྱད་ནས་ས་འགུལ་ལ་ལྟ་ཞིབ་བྱེད་པའི་ཞིབ་འཇུག་དེ་ཧ་ལས་དགོས་པ་ཞིག་ཡིན་མོད།འོན་ཀྱང་དེ་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་རེད། རྒྱལ་ཁབ་ཁ་ཤས་ཀྱིས་ཀྱང་དེ་སྔོན་སྲུང་སྐར་དེ་རིགས་འཕེན་གཏོང་བྱས་ཡོད་མོད། མཐར་ཚང་མ་བེད་མེད་དུ་སོང་བ་རེད། ཚེ་རིང་སྒྲོལ་མས་ས་འགུལ་སྔོན་དཔག་གནད་ལ་ཁེལ་བར་དུས་ཡུན་རིང་པོ་འགོར་སྲིད་མོད། འོན་ཀྱང་ཁོ་མོས་སྔར་བཞིན་ཐོག་མའི་གདམ་ག་ལ་འགྱོད་པ་མེད་ཅིང་། ཞིབ་འཇུག་དེའི་མཐར་ཐུག་གི་དམིགས་ཡུལ་ནི་མིའི་རིགས་ལ་གནོད་འཚེ་མི་ཕོག་པ་བྱ་རྒྱུ་དེ་ཡིན་པས། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་བྱ་བ་ཞིག་རེད་སྙམ་ནས་བསྒྲུབས་དང་སྒྲུབ་བཞིན་ཡོད།

ཚེ་རིང་སྒྲོལ་མའི་ཡིད་ཆེས་ཀྱི་འདུན་པ་ནི་ཁྱིམ་ཚང་གི་བག་ཆགས་བཟང་པོ་ལས་བྱུང་།

1976ལོར་ཚེ་རིང་སྒྲོལ་མ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་གི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཨ་ཕ་ནི་ས་གནས་དེ་གའི་དམངས་གཉེར་དགེ་རྒན་ཡིན་པས་སློབ་གསོར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཁོང་ལ་ཤེས་ཡོན་གྱིས་མིའི་ལས་དབང་བསྒྱུར་བར་ཡིད་ཆེས་བརྟན་པོ་ཡོད་དེ།རང་གི་བུ་མོས་སློབ་སྦྱོང་ཧུར་ཐག་བྱས་ནས་རི་ཁུག་ལུང་གཅོང་ནས་ཐོན་ཏེ་འཛམ་གླིང་གི་གྲོང་ཁྱེར་ཡངས་པོར་བསྐྱོད་པ་ལ་རེ་བ་ཆེན་པོ་གནང་གི་ཡོད།

ཁྱིམ་དུ་ཟས་གོས་གྲོན་ཆུང་བྱས་ནས་བུ་མོ་གཉིས་རྫོང་དུ་སློབ་གྲྭར་བཏང་། ཚེ་རིང་སྒྲོལ་མ་དང་གཅེན་མོ་གཉིས་ཀྱིས་ཀྱང་ཕ་མ་གཉིས་ཀྱི་རེ་བ་སྟོང་ཟང་དུ་མ་གཏོང་བ་དང་། སློབ་འབྲིང་ནས་མཐར་ཕྱིན་རྒྱུགས་ལེན་དུས་མོས་རྫོང་ཡོངས་ལས་ཨང་དང་པོའི་གྲུབ་འབྲས་བླངས་ནས་པེ་ཅིང་གནོད་འགོག་ཚན་རྩལ་སློབ་གླིང་དུ་རྒྱུགས་འཕྲོད།

ཚེ་རིང་སྒྲོལ་མ་ཡི་ཕ་ཡུལ་ནི་རང་བྱུང་གནོད་འཚེ་ཐོན་མང་བའི་ས་ཆ་ཞིག་ཡིན། ཕ་མས་རྒྱུན་པར་ཁོ་མོ་ལ་བྱ་བ་བཟང་པོ་བསྒྲུབ་དགོས་པ་དང་གཞན་ལ་རོགས་སྐྱོར་སོགས་ཀྱི་དགེ་བའི་ལས་ཀར་གཞོལ་དགོས་པའི་སློབ་གསོ་བཏང་། ཁོ་མོས་ཀྱང་ངའི་བསམ་པར་ཆེད་ལས་འདིས་མི་དེ་བས་མང་བར་ཕན་པ་ཐོབ་རྒྱུ་རེད་སྙམ་གྱི་ཡོད་ཅེས་བཤད།

འོན་ཀྱང་གྲོང་གསེབ་ནས་གྲོང་ཁྱེར་དུ་སྐྱོད་སྐབས་ཁོང་མོར་དཀའ་ངལ་མང་པོ་དང་འཕྲད་དེ། ཁ་པར་བེད་སྤྱོད་གཏོང་མི་ཤེས་པ་དང་། གཏིང་ལམ་དུ་སྡོད་མི་ཤེས་པ་སོགས་ཚེ་རིང་སྒྲོལ་མས་པེ་ཅིང་དུ་ཐོག་མར་སླེབས་པའི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་དུ་འདི་ལྟར་བཤད། མོས་ད་དུང་རྒྱ་སྐད་ཀྱི་སྤྱི་སྐད་བཤད་མི་ཤེས་པ་དེས་དཔེ་ཀློག་གི་བཀག་རྒྱར་གྱུར་ཡོད།

དཀའ་སྡུག་གི་དུས་ཚོད་ནང་ཁོ་མོས་སློབ་སྦྱོང་ལ་འབད་པ་ཆེར་བསྐྱེད་བྱས་པར་བརྟེན་ལོ་གཉིས་ཀྱི་རིང་ལ། ཁོ་མོས་ཉིན་རེར་ཚགས་པར་བཀླགས་ནས་སྒྲ་གདངས་སྦྱོང་བ་རྒྱུན་འཁྱོངས་བྱས། ཕྱིས་སུ་སྒྲ་ཐག་དང་རྒྱང་བསྒྲགས་སོགས་ནས་དབྱིན་སྐད་ཀྱི་ཉན་ནུས་དང་ཁ་སྐད་སྦྱོང་བརྡར་བྱས་པ་དང་།དཀའ་གནད་མང་པོ་ལས་བསྒྲོལ་ཏེ་མཐར་ཕྱིན་སློབ་མ་བཟང་པོ་ཞིག་ཏུ་གྱུར་པ་རེད།

1999ལོར་ཚེ་རིང་སྒྲོལ་མས་ཀུའེ་ཀྲོའུ་དགེ་འོས་སློབ་ཆེན་དུ་ཤེས་རམས་པའི་སློབ་གནས་ལེན་པའི་སློབ་སྦྱོང་ལ་ཞུགས། ཁོའི་ཆེད་ལས་ནི་རྩིས་འཁོར་རིག་ཚན་ཡིན་པ་དང་སྐབས་དེ་དུས་རྒྱལ་ནང་དུ་དྲ་སྦྲེལ་དར་བཞིན་པ་ཡིན་ལ། རྩིས་རིག་དང་དབྱིན་ཡིག་ལ་མཁས་པའི་ཁོ་མོ་སློབ་གྲྭ་ནས་ཐོན་རྗེས་གྲགས་ཅན་གྱི་ཕྱི་རྒྱལ་ཁེ་ལས་ཀྱི་བཟོ་བཀོད་པ་བསྡུ་བའི་བརྡ་ཐོ་འབྱོར་ཡོད་མོད། འོན་ཀྱང་ཚེ་རིང་སྒྲོལ་མས་གླ་ཕོགས་མཐོན་པོར་ཡིད་མ་ཤོར་བར་པེ་ཅིང་དུ་ལོག་ནས་མུ་མཐུད་དེ་རབ་འབྱམས་པའི་སློབ་གནས་ལེན་པར་ཞུགས་ཏེ་ཀྲུང་གོ་ཚན་རིག་ཁང་སའི་གོ་ལའི་དངོས་ཁམས་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཞིག་ཏུ་གྱུར།

ཀྲུང་གོ་ཚན་རིག་ཁང་ནི་ཀྲུང་གོའི་རང་བྱུང་ཚན་རིག་ཞིབ་འཇུག་གི་རིག་གཞུང་སྒྲིག་གཞི་མཐོ་ཤོས་དེ་ཡིན་པ་དང་དེའི་ཁར་དངོས་ཁམས་རིག་པའི་ཚན་ཁག་དེ་ཉིད་ལ་འགྲན་སློང་ཧ་ཅང་ཆེན་པོ་ཡོད་པ་དང་སློབ་སྦྱོང་གི་དཀའ་ཁག་དང་གནོན་ཤུགས་ཆེ་བར་བརྟེན།མ་གཞིར་ངར་སེམས་དང་འབད་བརྩོན་ཆེན་པོ་ཡིན་པའི་ཚེ་རིང་སྒྲོལ་མར་སྐབས་ཤིག་རིང་དཀའ་སྡུག་གི་གནས་སུ་ལྷུང་། འོན་ཀྱང་ཁོ་མོས་རང་ཉིད་ཀྱི་དོན་གཉེར་མ་འདོར་བར། འབད་བརྩོན་ཆེན་པོས་མུ་མཐུད་དེ་ཚན་རིག་གི་ཡང་རྩེར་འཛེགས་ནས་འདས་ཟིན་པའི་རང་ཉིད་ལས་རྣམ་པར་རྒྱལ་གང་ཐུབ་བྱས་པ་རེད།

མོས་རྒྱུན་འཁྱོངས་ཀྱི་ཆོད་སེམས་ནམ་ཡང་མ་འདོར་བ་ནི་ཕ་ཡུལ་དང་ཁ་བྲལ་དུས་ཀྱི་ཐོག་མའི་བསམ་འདུན་ཏེ་མི་གཞན་ལ་ཕན་པ་བསྒྲུབ་རྒྱུ་དེ་རེད།

2005ལོར་ཚེ་རིང་སྒྲོལ་མས་རབ་འབྱམས་པའི་སློབ་གནས་ལོན་པ་དང་།ཀྲུང་གོ་ས་འགུལ་ཅུས་ས་འགུལ་སྔོན་དཔག་ཞིབ་འཇུག་ཁང་དུ་ལས་ཀར་ཞུགས། 2008ལོར“ཀྲང་ཧེང་ཨང་རྟགས་དང་པོ”ལས་གཞིར་རིགས་པས་ཁུངས་སྐྱེལ་གྱི་དུས་མཚམས་སུ་སླེབས། 2009ལོར་ཚེ་རིང་སྒྲོལ་མ་ལས་གཞི་དེའི་ཁོངས་མི་གཙོ་བོར་གྱུར།

ཁོ་མོས་མདུན་གྲས་ཀྱི་ཞིབ་འཇུག་བྱེད་པར་རིག་ཚན་སྣོལ་སྡེབ་དང་མཉམ་འདྲེས་བྱ་དགོས་པ་ཤེས་ཏེ། ཁོ་མོས་ཕྱོགས་གཅིག་ནས་ཕྲུ་གུ་གསོ་སྐྱོང་དང་ཕྱོགས་གཅིག་ནས་འབུམ་རམས་པའི་སློབ་སྦྱོང་ལ་ཞུགས་པ་རེད། དཀའ་ངལ་མང་པོར་འཕྲད་ཀྱང་ཚེ་རིང་སྒྲོལ་མས་བློ་ཁོག་ཡངས་པོས་མདུན་བསུས་པ་དང་།འབད་བརྩོན་ལྷོད་མེད་བྱས་མཐར་མོ་པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་།2014ལོར་བར་སྣང་དངོས་ཁམས་ཆེད་ལས་ཀྱི་འབུམ་རམས་པའི་སློབ་གནས་ཐོབ་པ་རེད།

མོས་མཐར་ཕྱིན་དཔྱད་རྩོམ་ནང་རང་གི་སྒྱུག་པོ་སྒྱུག་མོ་དང་ཁྱོ་ག། བུ་མོ་བཅས་ལ་བཀའ་དྲིན་ཞུ་ཞིང་། ཁྱིམ་ཚང་ནི་ཁོ་མོས་བྱ་གཞག་གཉེར་བ་དང་སློབ་གཉེར་བྱེད་པའི་རྒྱབ་རྟེན་བརྟན་པོ་ཡིན་ཞེས་བཤད།

2018ལོའི་སྤྱི་ཟླ2པར“ཀྲང་ཧེང་ཨང་རྟགས་དང་པོའི”འཁོར་སྐར་འཕེན་གཏོང་ལམ་ལྷུང་བྱུང་། “ཀྲང་ཧེང་ཨང་རྟགས་དང་པོ”འཁོར་ལམ་དུ་གནས་རིང་གོ་ལ་ཧྲིལ་པོར་ཁྱབ་པའི་བར་སྣང་གློག་སྡུད་ཁོར་ཡུག་ཐད་ཀྱི་གྲངས་གཞི་གཅིག་སྡུད་ལོན་པ་དང་།རྨང་གཞི་དེའི་ཐོག་གོ་ལ་ཧྲིལ་པོའི་དཔྱད་གཞིའི་རྣམ་པའི་ཁབ་ལེན་ར་བ་ཐོག་མར་བསྐྲུན་ཡོད། ཚན་རིག་མཁས་ཅན་གྱིས་ད་དུང་བར་སྣང་གནམ་གཤིས་ཀྱི་གནོད་འཚེ་དང་མེ་རིའི་གནོད་འཚེ་སོགས་ཀྱི་ནུས་པ་ལ་ཞིབ་འཇུག་བྱས་ནས་ས་འགུལ་སྔོན་དཔག་ཚན་རིག་དང་མཐུན་པའི་འཚོལ་ཞིབ་དང་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་

གཏང་བར་སྔར་བས་སྐུལ་འདེད་གཏོང་ཆེད་རྒྱབ་སྐྱོར་བྱས་པ་རེད།ཚེ་རིང་སྒྲོལ་མས་ཚན་རིག་ཞིབ་འཇུག་ནི་དངོས་ཐོག་བདེན་འཚོལ་གྱི་ལས་ཀ་ཞིག་ཡིན་པས། བར་སྣང་དངོས་ཁམས་ར་བར་བརྟག་ཞིབ་ཚད་ལེན་བྱས་ཏེ་ས་འགུལ་གྱི་སྔོན་བརྡ་གཏོང་བ་ནི་བལྟོས་མེད་ཀྱི་རྨང་གཞིའི་ཞིབ་འཇུག་ཅིག་ཡིན་པས་དེར་ངང་རྒྱུད་རིང་པོས་རྒྱུན་འཁྱོངས་བྱ་དགོས།ལས་གནས་དེར་ལོ་བཅུ་ཕྲག་ཁ་ཤས་བསྡད་དགོས་ཀྱང་གོམ་པ་རེ་རེ་བཞིན་དུ་བྱ་བར་རྒྱུན་འཁྱོངས་བྱ་དགོས་ཞེས་བཤད།

ཚེ་རིང་སྒྲོལ་མའི་གཏམ་རྒྱུད་ནི་དེང་རབས་བུད་མེད་ཀྱིས་རང་སྟོབས་རང་འཕེལ་དང་ཕུགས་བསམ་བརྟན་སྲུང་བྱེད་པའི་གསོན་ཉམས་དོད་པའི་འགྲེལ་བཤད་ཅིག་རེད། མོས་ཕ་མ་དང་རྒན་རབས་ཚོའི་སློབ་གསོ་ཐོག་མཐའ་བར་གསུམ་དུ་སེམས་སུ་བཅངས་ནས་གཞན་ཕན་གྱི་བྱ་བ་བཟང་པོ་རེ་བསྒྲུབ་ཅི་ཐུབ་བྱ་རྒྱུ་ཡིན་ཞེས་དང་། སླད་ཕྱིན་ཡང་ཚན་རིག་ཞིབ་འཇུག་ལ་སྔར་བས་འབད་བརྩོན་བྱས་ནས་མི་དམངས་ཀྱི་ཚེ་སྲོག་ཉེན་མེད་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

མི་སྣའི་ལོ་རྒྱུས་མདོར་བསྡུས།

ཚེ་རིང་སྒྲོལ་མ། བུད་མེད། བོད་རིགས། ཞིབ་འཇུག་པ། ད་ལྟ་འཚུབ་བསྟུན་དོ་དམ་པུའུའི་རྒྱལ་ཁབ་རང་བྱུང་གནོད་འཚེ་འགོག་བཅོས་ཞིབ་འཇུག་ཁང་བར་སྟོང་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཀྲང་ཧེང་ཨང་རྟགས་དང་པོའི་གློག་ཁབ་ལེན་འཁོར་སྐར་བཀོལ་སྤྱོད་མ་ལག་གི་སྤྱི་ཁྱབ་ཇུས་འགོད་པ་རེད། ཁྱོན་དཔྱད་རྩོམ80ལྷག་སྤེལ་བ་དང་།དེའི་ནང་རྩོམ་པ་པོ་དང་པོ་དང་།འཕྲིན་གཏོང་དཔྱད་རྩོམ30དང་།མཉམ་ལས་དཔྱད་རྩོམ1བཅས་ཡོད་པ་རེད།

གློག་སྡུད་ཁབ་ལེན་འཁོར་སྐར་གྱི་གྲངས་གཞི་ཐག་གཅོད་དང་དེ་བཞིན་གཏན་འཁེལ་གྱི་ལག་རྩལ་ཞིབ་འཇུག་ལས་དོན་སྤེལ་ཞིང་། མིག་སྔར་ཀྲུང་གོ་དང་ཡོ་རོབ་ཀྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་མཉམ་འབྲེལ་ཨུ་ལྷན་གྱི་གློག་ཁབ་ལེན་འཁོར་སྐར་མཉམ་འབྲེལ་ལས་དོན་ཚོ་ཆུང་གི་ཁབ་ལེན་ར་བ་དང་གྱེས་རྡུལ་མཉམ་གཟུགས་ཀྱི་གྲངས་གཞི་གཏན་འཁེལ་ལག་རྩལ་ཚོ་ཆུང་གི་ཚོ་དཔོན་གྱི་འགན་འཁུར་གྱི་ཡོད་པ་རེད། ཉེ་བའི་ལོ་གསུམ་རིང་འགན་འཁུར་བ་དང་པོའི་མིང་ཐོག་ནས་ཞིབ་འཇུག་བྱ་གཞི8སྒྲུབ་འགན་འཁུར་བའི་ནང་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་རྣམ་གྲངས2དང་།རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ4བཅས་ཚུད་ཡོད་པ་རེད། ཁོངས་མི་གཙོ་བོའི་མིང་ཐོག་ནས་སྔ་རྗེས་སུ་ཀྲུང་གོའི་གློག་སྡུད་ལྟ་ཞིབ་ཚད་ལེན་ཚོད་ལྟའི་འཁོར་སྐར་ཐོག་མའི་འཆར་གཞི་དང་།“ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”ཚན་རྩལ་འདེགས་སྐྱོར་འཆར་གཞི།973རྣམ་གྲངས་སོགས་རྒྱལ་ཁབ་རིམ་པའི་ཚན་ཞིབ་རྣམ་གྲངས་མང་པོར་ཞུགས་ཡོད།།


  • ལེ་ཚན་སྔོན་མ།:མཐོ་སྒང་ན་གཞོན་མགྲོན་ཁང་དུ།། འགྲུལ་པ་བུང་བའི་ཚོགས་བཞིན་འཁོར།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།