མཐོ་སྒང་ན་གཞོན་མགྲོན་ཁང་དུ།། འགྲུལ་པ་བུང་བའི་ཚོགས་བཞིན་འཁོར།།

ཡེ་ཤེས་ཀྱིས་བསྒྱུར།        2023-10-13

རྩྭ་ཐང་ན་གཞོན་མགྲོན་ཁང་དང་དེའི་བདག་པོ་ཨ་ཁུ་བསོད་བྷོའི་གནས་ཚུལ་རགས་བཀོད།

མཐོ་སྒང་ན་གཞོན་མགྲོན་ཁང་དུ།། འགྲུལ་པ་བུང་བའི་ཚོགས་བཞིན་འཁོར།།

         ཨ་ཁུ་བསོད་བྷོ་ནི་ལི་ཐང་རྫོང་ཧོ་སྙིང་ཡུལ་ཤོག་གི་མི་ཡིན་ལ། འབའ་ཐང་དགེ་འོས་སློབ་གྲྭར་སློབ་མཐར་ཕྱིན་ནས་ལི་ཐང་རྫོང་གི་མོ་ལ་སོགས་ཡུལ་ཤོག་དང་གྲོང་སྡེའི་སློབ་ཆུང་གི་བོད་ཡིག་དགེ་རྒན་གྱི་འགན་བཞེས་ནས་མི་ལོ36ལྷག་ཟིན་ཡོད།

སློབ་གྲྭར་འཁྲུག་ཆ་དོད་པོ་འཚོ་བའི་གོམས་གཤིས་ལོབ་པའི་ཨ་ཁུ་བསོད་བྷོ་ལས་འཁྱུར་ངལ་གསོ་ཚར་རྗེས་དལ་དལ་ལྷོད་ལྷོད་ཀྱི་འཚོ་བ་བསྐྱལ་ནས་སྡོད་ཚུགས་མེད་པའི་དབང་གིས་མི་མང་པོ་དང་འབྲེལ་འདྲིས་ཡོད་པའི་ལས་ཀ་ཞིག་འཚོལ་བར་འདོད། དེ་བཞིན་དུས་རབས་དང་བསྟུན་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་རིམ་བཞིན་གང་སར་སྐད་གྲགས་ཆོད་པས་རྐང་འཁོར་བཞོན་མཁན་གྱི་འགྲུལ་པ་ཡང་ཇེ་མང་ནས་ཇེ་མང་དུ་གྱུར། ས་མེད་ལུང་སྟོང་དུ་སྐོམ་པས་ཆུ་འདོད་པ་ལྟར་མགྲོན་ཁང་གི་དགོས་མཁོ་ཧ་ཅང་ཆེ་བའི་འགྲུལ་པའི་ཚོགས་དང་དཔལ་འབྱོར་འདུ་ཤེས་ལྡན་པའི་ཨ་ཁུ་བསོད་བྷོའི་ཚོང་གཉེར་ཕུགས་བསམ་མ་གྲོས་ཆ་འགྲིག་བྱུང་། ཁོང་གིས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་རྐང་འཁོར་བཞོན་མཁན་འགྲུལ་པ་ཚོར་སྟབས་བདེ་བ་དང་གོང་སླ་བའི་རྩྭ་ཐང་ན་གཞོན་ཞེས་པའི་མགྲོན་ཁང་ཞིག་བཙུགས་པ་རེད།

རྒྱལ་ལམ318བརྒྱུད་ནས་ཁྲོན་ནུབ་མཐོ་སྒང་དུ་ཡུལ་སྐོར་བྱེད་དུས་ལི་ཐང་རྫོང་མཁར་ནས་བར་ཐག་སྤྱི་ལེ53ཡོད་པའི་མུ་མཐའ་མེད་པའི་འབུམ་ཡག་རྩྭ་ཐང་ལ་ཐོན། ཁྲོན་བོད་ལམ་ཐིག་ཏུ་རྐང་འཁོར་བཞོན་མཁན་ཚོས་ནམ་རྒྱུན་དྲྭ་ཐོག་ནས་ཨ་ཁུ་བསོད་བྷོའི་མཐོ་སྒང་ན་གཞོན་མགྲོན་ཁང་དུ་ཡོང་བའི་ཐོ་འགོད་བཞིན་ཡོད། འགྲུལ་ཁང་དེ་ཧོ་སྙིང་ཡུལ་ཤོག་གཞུང་ལམ་འགྲམ་གྱི་རྩྭ་ཐང་དུ་ཆགས་ཡོད། དེ་ནི་མགྲོན་ཁང་ཞིག་ཡིན་ལ། ངལ་གསོ་སའི་གནས་མཆོག་ཅིག་ཀྱང་ལོས་ཡིན། རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་རྐང་འཁོར་བཞོན་མཁན་ཚོས་གནས་འདི་ནི་རང་གི་ཁྱིམ་ལྟར་བརྩིས་ཤིང་བརྩེ་བ་ཧ་ཅང་ཟབ་མོ་བཅངས་ཡོད།

སྨྱུག་འཛིན་པ་སྤྱི་ཟླ9པའི་ཟླ་དཀྱིལ་ལ་ཨ་ཁུ་བསོད་བྷོའི་ན་གཞོན་མགྲོན་ཁང་དུ་བཅའ་དུས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རྐང་འཁོར་བཞོན་མཁན་མང་པོ་འཛོམས་ཡོད་པ་མཐོང་། ཀོང་ཞི་ནས་ཡོང་བའི་རྐང་འཁོར་བཞོན་མཁན་མི་གཉིས་ཀྱིས་ཨ་ཁུ་བསོད་བྷོ་འབོད་བཞིན་དགའ་སྤྲོ་ཆེན་མོའི་ངང་ཁང་པ་ནང་འཛུལ་ནས་ཞག་སྡོད་ཐོ་འགོད་པ་དང་ཅ་ལག་སོགས་ཁང་མིག་ནང་བཞག་པ་རེད། དེ་ནས་མགྲོན་ཁང་གི་སྒོ་རའི་རྐུབ་སྟེགས་སུ་བསྡད་ནས་རྩྭ་ཐང་དང་འབྲི་གཡག། མཐོ་སྒང་གི་ཁྱད་དུ་འཕགས་པའི་མཛེས་ལྗོངས་ལ་ལྟད་མོ་ལྟ་ཞིང་། ད་དུང་དགོང་ཟས་ཞོག་ཁོག་དང་ཚགས་ཤ་བཙོ་བའི་ཟས་མཆོག་བཟའ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ་རེད།

2011ལོའི་ཁྲོན་བོད་ལྷོ་རྒྱུད་ཀྱི་ལམ་ཐིག་ནི་ས་རྡོའི་ལམ་ཡིན་ཡང་དེ་སྐབས་ཡང་རྐང་འཁོར་བཞོན་མཁན་འགྲུལ་པ་ཡོང་བཞིན་ཡོད་པས། ཡུལ་སྡེར་ལོ36རིང་སློབ་ཁྲིད་བྱས་ནས་ལས་འཁྱུར་ངལ་གསོ་བྱེད་མ་ཐག་ཡིན་པའི་ཨ་ཁུ་བསོད་བྷོ་ཡིས་རྐང་འཁོར་བཞོན་མཁན་ཚོ་འབྲོག་པའི་ཁྱིམ་དུ་གུར་ཕབ་ནས་ཞག་སྡོད་བྱས་པ་མཐོང་། མ་གཞི་འཁྲུག་ཆ་དོད་པོའི་འཚོ་བར་དགའ་བའི་ཁོང་གིས་རང་གི་བུར་སྐུལ་སློང་བྱས་ནས་ཁང་པ་ཆུང་ཆུང་དེ་མགྲོན་ཁང་བརྒྱབ་ཏུ་བཅུག་སྟེ། ཁང་མིག་ཁ་ཤས་སྒྲིག་བཟོ་བྱས་ནས་རྐང་འཁོར་བཞོན་མཁན་འགྲུལ་པར་སྣེ་ལེན་བྱེད་འགོ་བརྩམས། དེ་ནས་ཁོང་གི་མཐོ་སྒང་ན་གཞོན་མགྲོན་ཁང་དངོས་སུ་སྒོ་ཕྱེ་ཡོད།

2012ལོར་ཨ་ཁུ་བསོད་བྷོས་ད་རུང་མ་དངུལ་སྒོར་ཁྲི14བཏང་ནས་མི30ལྷག་ཙམ་སྡོད་ཆོག་པའི་མགྲོན་ཁང་རྒྱ་བསྐྱེད་བཏང་སྟེ། གྲོན་ཆུང་ཡིན་པ་དང་སྟབས་བདེ་བ། ཚད་ལྡན་ཅན་གྱི་མགྲོན་ཁང་ཞིག་བསྐྲུན་ཡོད། སྲིད་པ་རྒན་པོའི་གཏམ་དཔེ་ལས་རྟེན་འབྲེལ་མགོ་ནས་འགྲིག་ན། བྱ་བ་གཞུག་ནས་འགྲུབ་ཡོང་ཟེར་བ་ལྟར། ཁོང་གི་མགྲོན་ཁང་ལ་བསྔགས་བརྗོད་ཡག་པོ་ཐོབ་ནས་འགྲུལ་པ་རྒྱུན་མི་འཆད་པར་གྱུར།

མཐོ་སྒང་ན་གཞོན་མགྲོན་ཁང་དུ།། འགྲུལ་པ་བུང་བའི་ཚོགས་བཞིན་འཁོར།།

སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཁྲོན་བོད་གཞུང་ལམ་ཡང་ས་རྡོ་ལམ་ནས་སྣུམ་ནག་ལམ་དུ་བསྒྱུར། ཀྲུང་གོའི་མཛེས་ལྗོངས་ལམ་ཆེན་མིང་གྲགས་སུ་ཚུད་ནས་རྐང་འཁོར་བཞོན་མཁན་དང་སྒེར་འཁོར་གཏོང་མཁན། ཡུལ་སྐོར་ཚོགས་པ། རྐང་ཐང་འགྲོ་མཁན་བཅས་སྐར་ཚོགས་བཞིན་ཧ་ཅང་མང་པོ་གྱུར། ཨ་ཁུ་བསོད་བྷོ་ཡིས་སླར་ཡང་མ་དངུལ་སྒོར་ཁྲི45བཏང་ནས་སྔ་དང་མི་འདྲ་བའི་དྲ་བ་དང་ཆུ་ཚ་པོ་སོགས་ཆ་རྐྱེན་ཡག་པོ་འཛོམས་པའི་འགྲུལ་པ་མི70ལྷག་སྡོད་སའི་མགྲོན་ཁང་ཆེན་པོ་ཞིག་བསྐྲུན་ཡོད།

ཧྲན་ཞི་ནས་ཡོང་བའི་རྐང་འཁོར་བཞོན་མཁན་སྐུ་ཞབས་ཝང་ལགས་ཀྱིས་ངས་དྲྭ་ཐོག་ནས་ཨ་ཁུ་བསོད་བྷོའི་མགྲོན་ཁང་ཤེས་རྟོགས་བྱུང་སོང་། ཧོར་ལུང་ཡུལ་ཤོག་ནས་ལི་ཐང་རྫོང་མཁར་བར་སྤྱི་ལེ80ལྷག་ཙམ་རྐང་འཁོར་བཞོན་ཏེ་དཀའ་ལས་ཏོག་ཙམ་ཁག་ཚེ་ཨ་ཁུ་བསོད་བྷོ་ཚང་གི་མགྲོན་ཁང་སླེབས་པ་དང་། དེ་ནས་ཆུ་ཚན་གྱིས་གཟུགས་པོ་ཞིག་བཀྲུས་ཡོད། ངོ་མ་སྐྱིད་པོ་རེད། ཧ་ལས་དགོས་པ་ཞིག་ནི་ཉིན་གཅིག་ལ་རིན་པ་སྒོར60ཡས་མས་ལས་མི་དགོས་པར་མ་ཟད། ད་དུང་ཞོག་ཁོག་དང་ཚགས་ཤ་བཙོས་པའི་ཞིམ་ཟས་རོལ་ཆོག་པ་དང་། ཞོགས་པར་ཇ་བསྲུབས་མ་འཐུང་རྒྱུ་ཡོད། ངོ་མ་ངར་མཚོན་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་ཅེས་བཤད།

དགའ་ཕྱོགས་གཅིག་པའི་འགྲུལ་པ་ཕོ་མོ་རྒན་གཞོན་བཅས་ཀྱིས་རིམ་བཞིན་མགྲོན་ཁང་དེར་ཆ་རྒྱུས་ལོན་ཏེ་ནམ་རྒྱུན་དེར་འཛོམས་ནས་དགོང་ཚོགས་དང་བྱེད་སྒོ་སྣ་མིན་སྣ་ཚོགས་སྤེལ་བ་དང་། ཨ་ཁུ་བསོད་བྷོའི་མགྲོན་ཁང་ནི་གྲོགས་པོ་ལྷན་འཛོམས་ཀྱི་གནས་མཆོག་ཅིག་ཏུ་གྱུར།

མཐོ་སྒང་ན་གཞོན་མགྲོན་ཁང་དུ།། འགྲུལ་པ་བུང་བའི་ཚོགས་བཞིན་འཁོར།།

ལོ་ལྟར་སྤྱི་ཟླ3པ་ནས11པའི་བར་ནི་མཐོ་སྒང་བོད་འབྲེལ་ས་ཁུལ་དུ་ཡུལ་སྐོར་ཡོང་མང་བའི་དུས་ཚིགས་ཤིག་ཡིན་ལ། དེའི་རིང་ཨ་ཁུ་བསོད་བྷོའི་ན་གཞོན་མགྲོན་ཁང་ཡང་ཉིན་ལྟར་འགྲུལ་པས་ཁེངས་ཡོད། ལོ72ལ་སོན་པའི་ཨ་ཁུ་བསོད་བྷོས་བུ་ཆུང་བའི་བཟའ་མི་གཉིས་ཁྲིད་དེ་འགྲུལ་པའི་སྣེ་ལེན་ལས་ལ་བྲེལ། ལོ་རེར་ཡུལ་སྐོར་བ་མི་ཁྲི་གཅིག་ལྷག་ལ་སྣེ་ལེན་བྱས་ཏེ་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་ཁ་ཤས་ཡོང་བ་རེད།

ན་གཞོན་མགྲོན་ཁང་གི་གྱང་ཐོག་ཏུ་འགྲུལ་པ་མི་ཉུང་བ་ཞིག་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་ཡི་གེ་བྲིས་པ་དང་དྲན་རྟེན་དུ་གྱོན་ཆས་དང་དར་ཆ་སོགས་བཞག་ནས་ཡོད། དྲན་འཆར་ཡི་གེ་དང་གྱོན་ཆས། དར་ཆ་སོགས་ཀྱི་སྐོར་གླེང་སྐབས་ཨ་ཁུ་བསོད་བྷོས་དེ་དག་ནི་རིན་ཐང་བྲལ་བའི་ནོར་བུ་ཞིག་བརྩིས་ནས་བརྒྱུད་འཛིན་བྱེད་ཀྱིན་ཡོད་པ་རེད།

ཨ་ཁུ་བསོད་བྷོས་སློབ་མ་འགྲུལ་པ་དབུལ་པོ་ཚོར་རོགས་སྐྱོར་བྱས་མྱོང་ཡོད་དེ་ད་ལྟ་འགྲུལ་པ་གྲོགས་པོ་མང་པོ་ཡོད་པ་དང་ངོ་ཤེས་ཡང་ཧ་ཅང་མང་། དེའི་ཁྲོད་ཁོང་གིས་ཆེས་བཤད་འདོད་པ་ནི་ཧྲན་ཏུང་ཅི་ནན་གྱི་ལོ80ལ་སོན་པའི་སྐུ་ཞབས་ཀྲང་ལགས་རེད་འདུག། ཉེ་བའི་ལོ་ཤས་རིང་ཀྲང་ལགས་ཀྱིས་ཁྲོན་བོད་ལམ་རྒྱུད་དུ་རྐང་འཁོར་བཞོན་ནས་ཐེངས་གསུམ་ཡོང་ཡོད། ཁོང་གཉིས་ཐུག་དུས་སེམས་ལྷོད་ལྷོད་ཀྱི་ངང་ནས་ཕན་ཚུན་སྐྱིད་སྡུག་གླེང་གི་ཡོད་ཅེས་བཤད་པ་རེད།

རྐང་འཁོར་བཞོན་མཁན་ཁག་གཅིག་གིས་ཞོགས་པ་སྔ་མོ་ཨ་ཁུ་བསོད་བྷོ་ལགས། ང་ཚོ་མུ་མཐུད་ནས་ལྷ་སར་རྐང་འཁོར་བཞོན་ནས་འགྲོ་རྒྱུ་ཡིན། ཁྱེད་བདེ་མོ། ཞེས་ཁོང་ལ་འཚམས་འདྲི་བྱེད་ཀྱིན་ཡོད་པ་རེད། ན་གཞོན་མགྲོན་ཁང་དུ་འགྲུལ་པ་ཚོའི་བརྩེ་བ་ཟབ་མོ་དང་གཏམ་རྒྱུད་རིང་མོ་ཡོད་ལ། རྒྱང་རིང་ཕྱོགས་ནས་ཡོང་བ་ཀུན་གྱིས་རང་ཁྱིམ་ལྟར་གཅེས་པར་འཛིན་བཞིན་ཡོད་དོ།།



  • ལེ་ཚན་སྔོན་མ།:ཚེ་རིང་གཡང་འཛོམས་ཀྱི་ལང་ཚོའི་གླུ་དབྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།