བརྩོན་པའི་རྒྱུན་དང་ཡུན་འགྲོགས་ན།། འབྲས་བུ་ཐོབ་པར་གདོན་མི་ཟ།།

མཁས་གྲུབ་ཀྱིས་བསྒྱུར།        2023-07-14

     རང་ཁུལ་གྱི་ལོ་དགུ་ཐོག་གསུམ་སྣོན་སློབ་གསོའི་སློབ་ཐོན་སློབ་མ་ཕུལ་བྱུང་དོན་གྲུབ་ནོར་བུའི་གནས་ཚུལ་རགས་བཀོད།

བརྩོན་པའི་རྒྱུན་དང་ཡུན་འགྲོགས་ན།། འབྲས་བུ་ཐོབ་པར་གདོན་མི་ཟ།།

    དོན་གྲུབ་ནོར་བུ་ནི་བྲག་མགོ་རྫོང་སིབ་མོ་ཡུལ་ཤོག་གི་མི་ཡིན། 2009ལོར་སི་ཁྲོན་ཞིང་ཆེན་གྱིས་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་བཏོན་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འཚོལ་ཞིབ་བྱེད་འགོ་བཙུགས་པ་རེད། སྲིད་ཇུས་དེ་ལག་ལེན་བསྟར་བས་དོན་གྲུབ་ནོར་བུ་སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་གི་ལོ་དགུ་ཐོག་གསུམ་སྣོན་གྱི་མི་རིགས་མཛེས་རྩལ་འཛིན་གྲྭའི་སློབ་མ་ཁག་དང་པོར་གྱུར་པ་རེད།

     2012ལོར་དོན་གྲུབ་ནོར་བུར་སྐབས་དེ་དུས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཅས་ཡིན་པའི་བློ་མཐུན་ལིའུ་ཆི་པའོ་ཡིས་མཇལ་འཕྲད་གནང་བ་དང་། 2014ལོར་ཨ་རིའི་ལྕམ་སྐུ་ཞབས་ཐོག་མ་སྨི་ཞི་ཨེར་གྱིས་མཇལ་འཕྲད་གནང་། 2017ལོར་ཞང་ཀང་དུ་འཁྲབ་སྟོན་ལ་ཞུགས་པའི་སྐལ་བ་བྱུང་བ་རེད།

    སྟབས་ལེགས་པ་ཞིག་ལ་སློབ་རར་བསྐྱར་དུ་ཞུགས་པའི་སྐལ་བ་བྱུང་།

    ཁོ་རང་ལོ་བཅོ་ལྔར་སླེབས་སྐབས། བྲག་མགོ་རྫོང་གླུ་གར་ཚོགས་པའི་ཁོངས་མི་ཞིག་ཏུ་གྱུར་ནས་ཕྱོགས་བཞི་མཚམས་བརྒྱད་དུ་གླུ་གར་འཁྲབ་སྟོན་བྱེད་པར་བྲེལ་བ་དང་། ཟླ་བ་གཅིག་གི་གླ་ཆ་སྒོར260ལས་མེད་པས་ཁྱིམ་ཚང་ལ་འཚོ་བའི་རོགས་སྐྱོར་སོགས་ཀྱི་ཕན་རྩ་བ་ནས་ཐོགས་ཐུབ་ཀྱི་མེད། དེ་ནས་རང་གི་ཡོང་འབབ་མཐོན་པོ་ཙམ་ལོན་ཆེད་རྔ་བ་ཁུལ་གཟི་རྩ་སྡེ་དགུའི་སྒྱུ་རྩལ་ཚོགས་པ་རུ་ལས་གནས་སྤོས་པ་རེད།

    འཚོ་བ་སོགས་ཕྱོགས་གང་ཐད་ནས་ལེགས་བསྒྱུར་བྱུང་ཚེ། ཝན་ཁྲོན་དུ་ས་འགུལ་ཆེན་པོ་བྱུང་ནས་སྒྱུ་རྩལ་ཚོགས་པ་ཐོར་ཞིག་ཏུ་ཕྱིན་པས་དོན་གྲུབ་ནོར་བུ་སླར་ཡང་རང་ཁྱིམ་དུ་ལོག་དགོས་བྱུང་། ལྟོ་གོས་ཀྱི་རྐྱེན་པས་ཁོ་རང་གཅེན་པོ་དང་མཉམ་དུ་ཐག་རིང་གི་ས་ནས་དབྱར་རྩྭ་དགུན་འབུ་འཐུ་བར་སོང་ལ། ཟླ་བ་གཅིག་ཙམ་གྱི་རིང་ལ་དབྱར་རྩྭ་དགུན་འབུའི་ཡོང་འབབ་སྒོར་ཁྲི་གཅིག་ལྷག་རག་བྱུང་བས། དེ་ནི་གཅེན་གཅུང་གཉིས་ཀྱིས་ལོ་བཅུ་ལྷག་གི་རིང་ཡོང་འབབ་ཆེས་ཆེ་ཤོས་དེ་རེད་ཅེས་དོན་གྲུབ་ནོར་བུས་ཕྱིར་དྲན་བྱེད་ཞོར་དེ་ལྟར་བཤད།

    དཀའ་ཚེགས་ཀྱིས་ཅི་འདྲའི་མནར་ནའང་དོན་གྲུབ་ནོར་བུས་ནམ་ཡང་བཟོད་བསྲན་གྱི་སྙིང་སྟོབས་མ་ཞུམ་པར་ནམ་ཞིག་ན་འཚོ་བས་རང་ཉིད་ལ་སྤྲོ་སྣང་ཞིག་སྦྱིན་ངེས་སྙམ་བཞིན་ཡིད་ཆེས་ཚད་མེད་བྱེད་ཀྱི་ཡོད་ལ། 2009ལོའི་དབྱར་ཁའི་ཉིན་ཞིག་ལ་ཏག་ཏག་རེ་བའི་ཞིང་ས་ན་བདེ་སྐྱིད་ཀྱི་མྱུ་གུ་འབུས་འགོ་བརྩམས།

    ཉིན་ཞིག། དོན་གྲུབ་ནོར་བུའི་ཨ་ཕ་རྫོང་མཁར་དུ་ནད་ལྟ་བར་འགྲོ་སྐབས་སྟེས་དབང་གིས་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་ཡག་པོ་ཞིག་ཡོད་པར་ཤེས་རྟོགས་བྱུང་བ་དང་། ཨ་ཕའི་སྐད་ཆ་དེ་ཐོས་རྗེས་དོན་གྲུབ་ནོར་བུས་བྲེལ་འཚུབ་ངང་རྫོང་མཁར་དུ་སྲིད་གཞུང་གི་ཡོངས་བསྒྲགས་སྦྱར་ཡིག་ལ་ལྟ་རུ་སོང་ནས་སློབ་ཡོན་མི་དགོས་པའི་གནས་ཚུལ་ཤེས་རྗེས་སེམས་གཏིང་ན་འཇགས་ཐབས་བྲལ་བའི་སྤྲོ་བ་ཞིག་ཀུན་ནས་འཕྱུར།

    ལོ་དེའི་སྤྱི་ཟླ8པའི་ཟླ་སྨད་དུ་དོན་གྲུབ་ནོར་བུ་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་གྲོགས་བཅུ་ཕྲག་ཁ་ཤས་དང་མཉམ་དུ་སི་ཁྲོན་སྒྱུ་རྩལ་སློབ་གླིང་དུ་འབྱོར། སློབ་གྲྭའི་སྒོ་རྩར་སླེབས་མ་ཐག་དགེ་རྒན་ཚོས་བྱམས་བརྩེའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ནང་དུ་བསུས་པས་དོན་གྲུབ་ནོར་བུའི་སེམས་སུ་དྲོ་སྐྱིད་ཀྱི་རླབས་ཕྲེང་འཕྱུར། དེ་བཞིན་སྡོད་ཁང་གཙང་ལ་ཉལ་ཁྲི་དང་ཉལ་ཐུལ་རྣམས་གྲལ་དག་ཅིང་འཚོ་བའི་མཁོ་ཆས་མཐའ་དག་ཆ་ཚང་བས་དོན་གྲུབ་ནོར་བུས་ང་རང་དངོས་གནས་བསོད་ནམས་ཆེ་བ་ལ། སྲིད་ཇུས་ཡག་པོ་དང་སློབ་གྲྭ་ཡག་པོ་དེ་འདྲར་འཕྲད་བྱུང་ཞེས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད།

བརྩོན་པའི་རྒྱུན་དང་ཡུན་འགྲོགས་ན།། འབྲས་བུ་ཐོབ་པར་གདོན་མི་ཟ།།

མི་ཚེའི་ལས་དབང་བསྒྱུར་ཅིང་ལྷག་བསམ་དྲིན་གྱིས་བསྐྱངས།

     དོན་གྲུབ་ནོར་བུ་ཆུང་དུས་ནས་རི་མོ་འབྲི་རྒྱུར་ཧ་ཅང་དགའ། ལོ་གསུམ་ནང་སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་དུ་ཐང་ག་འབྲི་རྩལ་ལ་འབད་པ་ལྷོད་མེད་བྱས། སྲོལ་རྒྱུན་ཐང་གའི་རྨང་གཞིའི་སློབ་ཚན་དང་།རི་མོའི་སྐྱ་བྲིས། སྣུམ་ཚོན་རི་མོ་སོགས་ལ་སྦྱངས་ཏེ་སློབ་གྲྭའི་སློབ་མ་ཕུལ་བྱུང་དང་འཛིན་གྲྭའི་ལས་བྱེད་པ་ཕུལ་བྱུང་སོགས་ཀྱི་གཟེངས་བསྟོད་གང་མང་ཐོབ་མྱོང་ལ། གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་རེད།

      བགྲང་བྱ་ལོ་གསུམ་གྱི་དུས་ཚོད་གློག་འཁྱུག་པ་ཙམ་གྱིས་འདས་ཟིན་ལ། དོན་གྲུབ་ནོར་བུ་སློབ་གྲྭ་ནས་ཐོན་མ་ཐག་སློབ་གྲྭ་རང་ནས་དགེ་རྒན་གྱི་ལས་གནས་བསྐོས་ཏེ། ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་མ་དེ་གློ་བུར་དུ་སློབ་གྲྭ་རང་གི་དགེ་རྒན་ཞིག་ཏུ་གྱུར་པ་རེད།

2012ལོའི་སྟོན་ཀར། དོན་གྲུབ་ནོར་བུ་འབྲིང་རིམ་ཆེད་ལས་སློབ་གྲྭའི2011ལོའི་མི་རིགས་གླུ་གར་འཛིན་གྲྭའི་འགན་འཁུར་བར་བསྐོས་པར་མ་ཟད། ལོ་རིམ་གསུམ་གྱི་ལོ་དགུ་ཐོག་གསུམ་སྣོན་གྱི་འཛིན་གྲྭའི་ཟུར་ཁྲིད་པའི་འགན་ཡང་ཁུར་བ་རེད།

དོན་གྲུབ་ནོར་བུས་རང་ཉིད་ཀྱི་རྒྱ་ཡིག་ཆུ་ཚད་མཐོ་རུ་གཏོང་ཆེད། ཉིན་ལྟར་རྒྱ་སྐད་སྦྱོང་བ་དང་། རྒྱ་ཡིག་འབྲི་ཀློག་ལ་འབད་པ་ལྷོད་མེད་བྱས་པ་རེད། དེ་ལྟར་ཡུན་རིང་སོང་རྗེས་ཁོ་རང་གི་རྒྱའི་སྐད་ཡིག་ལ་ཡར་ཐོན་ཆེན་པོ་བྱུང་བ་དང་། ལྷག་

བསམ་ཟོལ་མེད་ནི་སློབ་གསོ་དོ་དམ་གྱི་གལ་ཆེན་ནང་གི་འགངས་ཆེན་ཡིན་པའང་ལག་ལེན་དངོས་ཀྱི་ཐོག་ནས་ཤེས་རྟོགས་བྱུང་བ་རེད།

       དོན་གྲུབ་ནོར་བུས་སེམས་ནུས་ཡོད་རྒུས་རང་འཁྲིའི་ལས་ལ་གཞོལ་ནས་རང་ཉིད་ལ་ཐོབ་པར་དཀའ་བའི་ལོ་རྒྱུས་ཤིག་ཀྱང་བཏོད་པ་སྟེ། 2014ལོའི་ལོ་སྟོད་དུ་དེ་སྔའི་ཨ་རིའི་ལྕམ་སྐུ་ཞབས་ཐོག་མ་སྨི་ཞི་ཨེར·ཨོ་པ་མ་ཀྲུང་གོར་འཚམས་འདྲིར་ཕེབས་རིང་། དོན་གྲུབ་ནོར་བུས་དགེ་རྒན་གྱི་ཚབ་ཞུས་ནས་ལོ་དགུ་ཐོག་གསུམ་སྣོན་གྱི་མི་རིགས་མཛེས་རྩལ་འཛིན་གྲྭའི་སློབ་མ་ཚོའི་ཐང་ག་བཞེངས་ཡུལ་དུ་ཁྲིད་པ་དང་། སྐུ་མགྲོན་རྣམས་ལ་ཐང་གའི་སྒྱུ་རྩལ་རིག་གནས་ངོ་སྤྲོད་བྱས་པ་རེད། 2017ལོར་དོན་གྲུབ་ནོར་བུ་སློབ་གླིང་གི་ཟློས་གར་ཚན་ཁག་གིས་གསར་རྩོམ་བྱས་པའི་འཁྲབ་ཚན་རྐྱང་པའི་ཟློས་གར《གངས་ལྷ་མེ་ཏོག》ཅེས་པ་འཁྲབ་སྟོན་བྱ་བར་གདན་ཞུ་ལྟར་ཞུགས་ནས་སི་ཁྲོན་ཞིང་ཆེན་ཟློས་གར(གར་ཆུང)འགྲན་བསྡུར་སྐབས་བཅུ་དྲུག་པའི་འཁྲབ་ཚན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད། 2018ལོའི་ཟླ་བ10པར་དོན་གྲུབ་ནོར་བུས་ལས་རོགས་ཚོའི་འོས་སྦྱོར་ལྟར་བརྙན་འཕྲིན་མུ་འབྲེལ་འཁྲབ་ཚན《ཉ་འཛིན་མཁན》ནང་ཉེན་རྟོག་པ་ཞིག་འཁྲབ་ཡོད། 2019ལོའི་ཟླ་བ5པར་དོན་གྲུབ་ནོར་བུས་མི་སྒེར་གྱི་རོལ་དབྱངས་འདུ་ཚོགས་འཚོགས་ནས་ཀྲུང་གོ་གསར་པ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུས་པ་རེད།

      སློབ་མ་ཞིག་ནས་དགེ་རྒན་ཞིག་ཏུ་གྱུར་པ་ནས་དོན་གྲུབ་ནོར་བུས་དྲིན་ཚོར་གྱི་བསམ་པ་དེ་ནམ་ཡང་འདོར་མྱོང་མེད། ཁོས་ང་ལ་དབུལ་ཕོངས་དང་སློབ་མཚམས་གཞག་དགོས་པའི་གནས་ཚུལ་གང་མང་དང་འཕྲད་མྱོང་ཡོད་སྟབས་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞིའི་དོན་སྙིང་ཟབ་མོ་ངས་ཤེས་ཀྱི་ཡོད། ང་རང་ཡང་ལས་དག་པ་ཞིག་ལ་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་གསོའི་བྱ་གཞག་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་ངས་མུ་མཐུད་དེ་ལས་གནས་བརྟན་སྲུང་དང་། སྤྲོ་སེམས་དང་གཅེས་སེམས་ཀྱིས་སློབ་མ་བསྐྱང་ཞིང་མེས་རྒྱལ་ལ་མཁོ་བའི་ཤེས་ལྡན་པ་མང་པོ་འཚར་ལོངས་འབྱུང་དུ་འཇུག་རྒྱུ་དང་། རང་རེའི་ཞིང་ཆེན་གྱི་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་གསོའི་བྱ་གཞག་ཆེད་ནུས་ཤུགས་གང་ཡོད་འདོན་གྱི་ཡིན་ཞེས་འདུན་པ་དྲག་པོ་དང་བློ་སེམས་ཆོད་པོས་དེ་ལྟར་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ཚེ་སྲོག་གི་ཆ་ཤས་རོལ་དབྱངས་ལས་གྲུབ།། རོལ་དབྱངས་ཀྱིས་བྱིས་སེམས་ཉག་ཕྲ་བ་གསོ།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།