མདོ་ལྷོ་དྲ་བ་ལས་དྲངས། 2023-07-14
གཅིག ཕྱུར་བ་བཟོ་སྟངས།
ཕྱུར་བ་བཟོ་སྟངས་ནི་བོད་ཀྱི་འབྲོག་པའི་ས་ཁུལ་སོ་སོར་ཡབ་མེས་ཀྱི་ལག་རྒྱུན་གཞིར་བཟུང་སྟེ་ལས་སྟངས་སྣ་ཚོགས་དང་།ཕྱུར་བར་གྲུབ་ཚུལ་མི་འདྲ་བ་མང་དུ་ཡོད་པས་དཀར་ལས་ལག་རྩལ་ཁྲོད་ཀྱི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན།འདིར་རང་གིས་མཐོང་ཐོས་མྱོང་གསུམ་ལས་འཕྲོས་ཏེ་ཕྱུར་བ་བཟོ་སྟངས་དང་།བཟོ་ཚུལ་མི་འདྲ་བ་ལས་བྱུང་བའི་ཕྱུར་བའི་རིགས་ཁ་ཤས་ངོ་སྤྲོད་བྱ་རྒྱུར།
༡.སྔོ་ཕྱུར། སྔོ་ཕྱུར་ནི་འོ་མ་དཀྲོག་བཤིག་ཟིན་པའི་དར་བ་དེ་ཉིད་མངར་ཤས་ཆེ་བ་ཡོད་ཚེ་སྔོ་ཕྱུར་བཟོ་སྲོལ་ཡོད་ཅིང་།བཟོ་ལུགས་ནི་དར་བ་དེ་ཉིད་མེ་ཚ་འཇམ་རན་པོས་བསྐོལ་ནས་ཕྱུར་ཁུ་དང་ལྭ་བོ་སོ་སོར་ཕྱེ་འཕྲལ་ཐབ་ནས་ཕབ་པས་འགྲུབ་ཅིང་།དེ་ནས་གྲང་དུ་བཏང་རྗེས་སྒྱེ་མོ་དཀར་པོ་འཐག་ཧ་ཅང་མི་ལེགས་པས་བཟོས་པའི་ཁུག་མར་བླུགས་ནས་ཕྱུར་ཁུ་ལོགས་སུ་བཞུར་ཐབས་བྱེད་པ་ཡིན།དེ་ཡང་དང་པོ་སྒྱེ་མོར་བླུགས་སྐབས་ལྭ་བོའི་རིགས་རྣམས་བླུགས་པ་དང་།དེ་ནས་ཕྱུར་ཁུའི་རིགས་ཅུང་ཟད་ཡོད་ན་སྒྱེ་མོ་དེ་ཉིད་རྡོའི་བར་དང་།ཀ་སྒྲོམ་གྱི་རྩེར་དཔྱང་ནས་ཕྱུར་ཁུ་རྣམས་ཐུར་དུ་ཟགས་ཐབས་བྱེད། ཕྱི་ཉིན་ཕྱུར་ཁུ་བཞུར་ཟིན་པའི་ལྭ་བོ་དེ་ཕྱུར་སླེའུ་ཞེས་བལ་དང་ཁུལ་ལས་བཟོས་པའི་སྒྱེ་རེའི་སླེའུ〈འཕྱར་བ〉ཀར་པོའམ།རས་དཀར་པོ་གཙང་མ་གང་རུང་གི་ལྟེབ་དང་།ས་ཆ་ལ་ལར་སྨྱུག་སིལ་སོགས་ཀྱི་སྟེང་དུ་ཞིབ་གསེས་བྱས་ནས་སྐམ་དུ་གཏོང་བ་ཡིན། ཕྱུར་བ་སྐམ་ས་དེ་ཐལ་རྡུལ་གད་སྙིགས་ཉུང་བའི་ས་གཙང་ཞིག་དགོས་སྟབས།རབ་བྱུང་ན་ཕྱུར་བ་བཀྲམ་སར་ས་ཁྲི་དང་ཆེད་དུ་ཤིང་སྒྲོམ་བཟོས་པའི་སྟེང་དང་།ཡང་ན་ཁང་བའི་སྟེང་སོགས་སུ་བཀྲམ་པ་ཡིན་ལ། དེ་ལྟར་མ་བྱུང་ན་ས་གཙང་ཐལ་རྡུལ་ཉུང་སར་སྐམ་སྲོལ་ཡོད། ཕྱུར་བ་སྐམ་རིང་ཕྱུར་སྲུང་མི་རེ་སྡོད་དགོས་པ་ཡིན་ཏེ།ཕུག་རོན་དང་། ཕོ་རོག ཐ་ན་བྱིའུ་སོགས་བྱ་རིགས་རྣམས་ཀྱིས་ཕྱུར་བ་ཟ་ཉེན་ཡོད་ལ། ར་དང་ཁྱི་སོགས་ཀྱིས་ཕྱུར་བ་རྐུ་བྱེད་ཉེན་ཡོད་པས་སོ།། སྐམ་ཟིན་པའི་ཕྱུར་བ་རྣམས་སྒྱེ་མོའི་ནང་དུ་བླུགས་རྗེས་ཐུག་རེག་མེད་པར་ཉར་ན་ཕྱུར་བ་འཕྲོ་བརླག་མི་འགྲོ་བའི་ཕན་ཐོགས་ཆེ་བས་དངོས་པོ་གཞན་གྱིས་མ་མནན་པར་ཉར་ཚགས་བྱེད་ས་བྱུང་ཚེ་ལེགས་པར་བརྩི་སྲོལ་ཡོད་འདུགསྔོ་ཕྱུར་ཅུང་ཧྲོག་ཙམ་ལ་རོ་མངར་ཤས་ཅན་ནི་གཉན་རོང་སོགས་ནག་ཆུའི་དཀྱིལ་རྒྱུད་ཀྱི་འབྲོག་པ་ཚོས་མགྲོན་པོར་སྣེ་ལེན་བྱེད་སྐབས་སྡེར་མའི་ནང་དུ་བླུགས་ནས་ཁ་ཟས་ཚུལ་དུ་འདྲེན་སྲོལ་ཡང་ཡོད་འདུག ཡང་ནག་ཆུའི་ནུབ་རྒྱུད་ཀྱི་འབྲོག་པ་ཚོས་འོ་མའམ།འོ་མ་དང་ཞོ་མཉམ་བསྲེས་སོགས་མི་དཀྲོག་པར་ཞོ་རྐྱང་པར་དཀྲོག་ནས་མར་རྡོག་བཏོན་རྗེས་དར་བ་བསྐོལ་གྱི་ཡོད་མོད།བརྒྱུད་རིམ་ཧྲིལ་པོ་རྩ་བའི་ཆ་ནས་གོང་གི་འོ་མ་དཀྲོག་ནས་མར་རྡོག་བཏོན་ཏེ་དར་བ་བསྐོལ་བ་ལྟར་བརྒྱུད་དེ་ཕྱུར་བ་བཟོ་སྲོལ་ཡོད། འོན་ཀྱང་འོ་མ་དཀྲོག་པའི་དར་བ་ལས་བཟོས་པའི་ཕྱུར་བ་དང་ཞོ་དཀྲོག་པའི་དར་བ་ལས་བཟོས་པའི་ཕྱུར་བ་དེ་གཉིས་བར་ཁ་དོག་དང་།བྲོ་བ་སོགས་ཀྱི་ཐད་ཁྱད་པར་ཆེན་པོ་ལྡན་ཡོད། ནག་ཆུའི་ནུབ་རྒྱུད་ཀྱི་ཕྱུར་བ་བཟོ་ལུགས་དེར་ཕྱུར་བའི་སྐྱུར་ཚད་རན་ཞིང་ཕྱུར་བ་བཟོ་བའི་བརྒྱུད་རིམ་གྱི་ལས་ཀ་སྟབས་བདེ་རུང་།ཕྱུར་ཁུ་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་བ་དང་།ཕྱུར་བའི་ཐོན་འབར་ཞན་པའི་སྐྱོན་ཆ་ཡོད།
༢.སྐྱ་ཕྱུར། སྐྱ་ཕྱུར་ནི་དར་བ་དེ་ཉིད་སྐྱུར་ཤས་ཆེ་བ་ཡོད་སྐབས་སྐྱ་ཕྱུར་དུ་བཟོ་སྲོལ་ཡོད་ལ།བཟོ་ལུགས་གོང་ལྟར་འོ་མ་དང་ཞོ་མཉམ་བསྲེས་བྱས་པ་དཀྲོག་ཟིན་པའི་དར་བ་དེ་ཉིད་མེ་ཚ་འཇམ་རན་པོས་བསྐོལ་ནས་ལྭ་བོ་དང་ཕྱུར་ཁུ་ཞེས་དྭངས་སྙིགས་གཉིས་སུ་ཕྱེ་རྗེས༼ ས་ཆ་ལ་ལས་སྐབས་དེར་རྩིག་མ་དེ་ཉིད་འཕྲལ་དུ་བླངས་ནས་སྔོ་ཕྱུར་བཟོ་སྲོལ་ཡོད་པ་དང་དེ་ནས་ཕྱུར་ཁུ་དེ་མུ་མཐུད་བསྐོལ་ནས་སྐྱ་ཕྱུར་བཟོ་སྲོལ་ཡོད་འདུག ༽ ད་དུང་མེ་མཚམས་མ་བཞག་པར་དཀྲུག་དཀྲུག་གཏོང་གིན་དུ་འབྱར་འཚིག་མེད་པར་ཕྱུར་ཁུ་ཕལ་མོ་ཆེ་འཐག་ནས་ངོ་བོ་སྐ་ཤས་ལྡན་པར་གྲུབ་པ་ཞིག་ཡིན་པ་དང་། ཅུང་སྐྱུར་ཤས་ཆེ་ལ་ཁ་དོག་སྐྱ་བོ་ཞིག་ཡོད་ཅིང་། ནག་ཆུའི་དཀྱིལ་ཤར་ཁུལ་གྱི་འབྲོག་པ་ཚོས་དེ་ལྟར་བཟོ་སྲོལ་མང་ལ། རྩམ་པའི་ཁར་འདེབས་རྒྱུའི་ཕྱུར་བ་ལེགས་པོ་ཞིག་ཡིན་པས་འབྲོག་པ་ཚོས་སྤགས་ཟ་སྐབས་རྩམ་ཕྱུར་མར་གསུམ་གཅིག་མེད་རུང་སྤགས་ཟ་བའི་རྒྱུ་མ་ཚང་བ་ལྟ་བུར་བརྩི་བ་ཡིན། ༣.འཐག་ཕྱུར། འཐག་ཕྱུར་ནི་ནག་ཆུའི་དཀྱིལ་རྒྱུད་འབྲོག་པ་ཚོས་འོ་མ་དཀྲོག་སྐབས་འོ་མའི་ནང་དུ་ཞོ་བསྲེས་ནས་དཀྲོག་སྲོལ་ཡོད་པ་དང་།དེ་ཡང་འོ་མ་རྒྱ་མ་ཉི་ཤུ་རྩ་ལྔ་ཙམ་ལ་ཞོ་རྒྱ་མ་ལྔ་ཙམ་བསྲེས་ནས་དཀྲོག་པ་ཡིན།དེ་ལྟར་འོ་མ་དང་ཞོ་མཉམ་བསྲེས་སུ་དཀྲོག་པའི་དར་བ་དེ་ཉིད་མེ་ཚ་འཇམ་རན་པོས་བསྐོལ་ནས་དྭངས་སྙིགས་གཉིས་སུ་བྱེ་བའི་དྭངས་མ་སྔོ་སིང་ངམ་ཕྱུར་ཁུ་ཞེས་པ་དེ།མེ་ཚ་འཇམ་རན་པོས་མ་འཚིག་པར་རྒྱུན་རིང་ཙམ་བསྐོལ་ནས་ཁནྚར་འཐག་ནས་ཨན་རྡ་མ་ཡིན་ཙམ་གྱི་སྐབས་རྡོག་པོར་འདྲིལ་བ་དེ་ཉིད་ལེགས་པར་གསེས་པའམ་རྡོག་པོ་ཆེ་ཙམ་དུ་སྐམ་ནས་ལོངས་སུ་སྤྱོད་པ་ཡིན།ཕྱུར་བ་དེ་སྐྱུར་ཤས་ཤིན་ཏུ་ཆེ་ལ་ངོ་བོ་དེ་ཙམ་མཁྲེགས་པོ་མེད་པ།ཁ་དོག་དཀར་ཤས་ཆེ་བ་ཞིག་ཡིན་པས།ཁ་དོག་སྟེང་ནས་སྐྱ་ཕྱུར་ཡང་ཟེར་སྲོལ་ཡོད་པ་དང་།བཟོ་ལུགས་ཀྱི་སྟེང་ནས་འཐག་ཕྱུར་ཞེས་ཟེར་བ་ཡིན་ལ་ཕྱུར་བའི་ནང་ནས་ཅུང་ཟད་ཞན་པར་བརྩི་སྲོལ་ཡོད།སྐྱ་ཕྱུར་དང་འཐག་ཕྱུར་གཉིས་ནི་མེ་ལ་སྐོལ་ཡུན་རིང་ཐུང་གི་དབྱེ་བ་ཙམ་ལས་གཞི་རྩའི་ཆ་ནས་ངོ་བོ་གཅིག་ཡིན། ཕྱུར་བ་དེ་ལ་རྭ་སྒྲེང་གི་བརྒྱུད་སོགས་ས་ཆ་ལ་ལས་གདུས་ཕྱུར་ཡང་ཟེར་སྲོལ་ཡོད་དེ། རྒྱུ་མཚན་ནི་ཕྱུར་ཁུའམ་སྔོ་སིང་མེ་ལ་ཡུན་དུ་གདུས་ནས་བཟོས་པའི་ཕྱུར་བ་ཡིན་སྟབས་དེ་ལྟར་ཐོགས་པ་ཡིན། ༤.མགོ་དཀར། མགོ་དཀར་ནི་གོང་ལྟར་དར་བ་བསྐོལ་ནས་དྭངས་སྙིགས་གཉིས་སུ་ཕྱེ་རྗེས་སླར་ཡང་ཅུང་ཟད་བསྐོལ་རྗེས་རས་ཚགས་ལ་དྭངས་མ་བཙགས་པའི་ཙིག་མ་དེ་ཉིད།སྐམ་ལ་གཏོང་སྐབས་ཞིབ་མོར་བསྲེས་མི་དགོས་པར་རང་བཞིན་དུ་ཞིབ་ཞིབ་ཆགས་འགྲོ་བ་ཞིག་ཡོད་པ་དེར་མགོ་དཀར་ཞེས་ཟེར། ༥.མགོ་སྔོན། གོང་དུ་སྐྱ་ཕྱུར་སྐབས་ལྟར་འོ་མ་དང་ཞོ་མཉམ་བསྲེས་བྱས་ནས་དཀྲོག་སྟེ།མར་བཏོན་རྗེས་དར་བ་དེ་ཉིད་མེ་ལ་བསྐྱོན་ནས་བསྐོལ་ཏེ།སྔོ་སིང་ངམ་ཕྱུར་ཁུ་འཐག་པའི་ཕྱུར་བ་དེར་ཟེར། ༦.འོ་ཕྱུར། འོ་མ་དེ་ཉིད་མེ་ལ་བསྐོལ་ནས་བཟོས་པའི་རོ་མངར་ཤས་ཆེ་བའི་ཕྱུར་བའང་འབྲོག་ཁུལ་ལ་ལར་བཟོ་སྲོལ་ཡོད་པ་དང་།དེ་ཡང་གཙོ་བོ་སྟོན་དུས་མ་མོ་རྣམས་འོ་མ་སྐམ་ལ་ཉེ་བའི་སྐབས་ཀྱི་འོ་མ་ནས་བཟོ་སྲོལ་ཡོད།དེ་དང་གོང་གི་སྔོ་ཕྱུར་གཉིས་བཟོ་ལུགས་རྩ་བའི་ཆ་ནས་གཅིག་མཚུངས་ཡིན་རུང་།ནམ་དུས་ཀྱི་ཁྱད་པར་ལས་འོ་མའི་ནང་གི་སྤྲི་དཀར་གྱི་འདུས་ཚད་ཆེ་ཆུང་ཡོད་སྟབས། བྲོ་བ་དང་། སྲ་སྙི་སོགས་ཁྱད་པར་ཆེ་ཙམ་ཡོད།
༧.དགུན་ཕྱུར།༼ འཐུལ་ཕྱུར ༽ ས་ཆ་ལ་ལས་མགོ་ཞུ་ཡང་ཟེར་སྲོལ་ཡོད་པ་དང་། ནག་ཆུའི་ནུབ་རྒྱུད་འབྲོག་པ་ཚོས་དགུན་ཁའི་དུས་ལ་ཕྱུར་བ་རྣམས་སྒྱེ་མོ་ཞིག་ཏུ་བླུགས་ནས་འཁྱགས་སྐམ་དུ་བཏང་བས།རྩམ་པ་ལྟར་དཀར་ཞིང་ཞིབ་པ་ཞིག་ཏུ་རང་བཞིན་འབྱུང་གི་ཡོད་ཅིང་། དེར་འཐུལ་ཕྱུར་ཡང་ཟེར་སྲོལ་ཡོད་དེ་རྒྱུ་མཚན་ནི་འཁྱགས་སྐམ་བཏང་བའི་བརྒྱུད་རིམ་ནང་རང་བཞིན་དུ་ཞིབ་མོར་འཐུལ་བ་ཡིན་སྟབས་དེ་ལྟར་ཐོགས་པ་དང་། ཕྱུར་བ་དེ་ནི་ཐུད་བརྫི་བའི་རྒྱུ་ཆ་ལེགས་ཤོས་ཤིག་ཡིན་པས་འཐུལ་ཕྱུར་གྱི་ཐུད་ཅེས་ཐུད་དར་ཁྱབ་ཆེ་བའི་བྱང་འབྲོག་གི་ནུབ་རྒྱུད་ས་ཆ་ཁག་ཏུ་སྐད་གྲགས་ཆེན་པོ་ཡོད།
༨.ཕྱུར་ཁུ། 〈སྔོ་སིང〉ཕྱུར་ཁུ་ནི་ཞོ་དཀྲོག་རྗེས་དར་བ་མེ་ལ་བསྐོལ་ནས་གར་སླ་གཉིས་སུ་ཕྱེ་བའི་སླ་བ་དེ་ཡིན་ཞིང་།བྱང་འབྲོག་ཁུལ་དུ་ཕྱུར་ཁུ་ནི་དཀར་ཆུའི་སྙིགས་མ་ལྟ་བུ་ཞིག་ལ་བརྩིས་ནས་ལོངས་སུ་སྤྱོད་སྲོལ་ཆེར་མེད་མོད།ཕྱུགས་རྫི་འགའ་ཡི་སྐོམ་གསོས་སུ་གྲོད་པར་བླུགས་ནས་རི་འགོར་འཐུང་རྒྱུར་འཁྱེར་མཁན་སྲིད་མཐའ་ཙམ་ཡོད་པ་དང་།དེ་མིན་ར་དང་ཁྱི་སོགས་ལ་སྟེར་བ།འབྲོག་ཁུལ་ལ་ལས་ཕྱུར་ཁུ་སླར་ཡང་གདུས་ནས་འཐག་ཕྱུར་ཞེས་གོང་དུ་བསྟན་པའི་ཕྱུར་བ་སྐྱུར་མོ་དེ་འདྲ་བཟོ་བ།དེ་བས་གདུས་ཡུན་རིང་པོར་གདུས་ནས་ཨན་རྡ་ཞེས་ཉི་འོད་འགོག་བྱེད་དུ་གདོང་ལ་བྱུག་ཡས་བྱེད་པ་བཅས་དང་།དེ་སྔའི་བྱང་འབྲོག་ཁུལ་གྱི་ནུབ་རྒྱུད་འབྲོག་པ་སྒོ་ཕྱུགས་མང་བ་དེ་དག་གིས་ཕྱུར་ཁུ་ཚང་མ་སྒོ་ཁྱི་དང་།ར་སོགས་ཀྱིས་འཐུང་ཐུབ་ཀྱི་མེད་སྟབས་རང་དགར་ས་ལ་འཕོ་བ་ལས་བེད་སྤྱོད་གཞན་དག་ཆེར་གཏོང་སྲོལ་མེད།འོན་ཀྱང་བོད་ལུགས་གསོ་རིག་གཞུང་ལས།ཕྱུར་ཁུས་རླུང་མཁྲིས་མི་སྐྱེད་བད་ཀན་སེལ་ཞེས་ཉེས་པ་གསུམ་གར་གནོད་པ་མེད་པའི་བཏུང་བའི་རིགས་ཤིག་ཏུ་བསྟན་ཡོད་པས་ཕྱུར་ཁུ་ལ་བཏུང་བ་གསར་བཟོ་བྱེད་པའི་མདུན་ལམ་ཆེན་པོ་ཡོད་ངེས་ཡིན་པ་གཤམ་དུ་འཆད་རྒྱུ་ཡིན།།
གཉིས། ཕྱུར་བའི་རིགས་གཞན་དག།
༡.ཕྱུར་ལེབ། ལ་ལ་འཕྱུར་ལེབ། ལ་ལ་བྱང་ཐང་འབྲོག་ཁུལ་གྱི་ཆེས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཁ་ཟས་ཤིག་ཡིན་པ་སྟེ།དེང་སྐབས་ལྗོངས་ཕྱི་ནང་ཀུན་ཏུ་སྙན་གྲགས་འབར་བཞིན་པའི་ལྷད་མེད་སྔོ་ལྗང་ཟས་རིགས་ཤིག་ཀྱང་ཡིན།ཕྱུར་ལེབ་ཆེ་ལ་ལ་ས་གནས་དུས་ནས་འབྲོག་མི་ཚོས་ལོ་ངོ་སྟོང་ཕྲག་ནང་དཀར་ལས་བྱས་པའི་ཉམས་མྱོང་བཟང་པོ་ལས་ཐོན་པ་ཞིག་ཡིན་སྟབས།འདིར་བྲོ་བ་ཞིམ་ལ་བཅུད་ཆེ་ཞིང་།ལུས་ལའང་འཕྲོད་སྦྱོར་ལེགས་པ།བཤམས་ན་མིག་ལ་མཛེས་ཤིང་སྦྱིན་ན་ཁྱད་ཆོས་ཆེ་བ།བཙོང་ན་བྲིན་ཁ་རྒྱུག་པ། ཟོས་ན་རོ་བཅུད་བཟང་བ་སོགས་ཀྱི་དགེ་མཚན་དུ་མ་ལྡན་ཡོད་པས་དེང་སྐབས་འབྲོག་པའི་ས་ཁུལ་ཕལ་མོ་ཆེར་ལ་ལ་བཟོ་བའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད། བཟོ་ལུགས་ཐད་ཡུལ་ལུང་སོ་སོའི་ཉམས་མྱོང་གསོག་འཇོག་བྱས་པའི་བཟོ་སྟངས་སྣ་ཚོགས་ཡོད་པ་ལས། བཟོ་ཚུལ་རེ་གཉིས་ཤིག་རང་གི་གང་ཤེས་ཚུལ་དུ་ངོ་སྤྲོད་བྱས་ན།དང་པོ་ནག་ཆུའི་དབུས་ཤར་རྒྱུད་ཀྱི་འབྲོག་པ་ཚོས་མཚན་འཇོ་ཞེས་དགོང་མོ་ས་རུབ་ཁར་བཞོས་པའི་འབྲི་འོ་དེ་ཉིད་དྲོ་གྲང་རན་སར་བཞག་པའི་སང་ཉིན་དགོང་མཚམས་ཙམ་མམ།དེ་ལས་སྔ་ཙམ་གྱི་དུས་སུ་སྔ་མ་ལས་ངོ་བོ་ཅུང་ཟད་འགྱུར་ནས་རོ་སྐྱུར་བའི་རྣམ་པ་ཕྲན་ཙམ་ཐོན་དུས་དེར་དཀྲུག་དཀྲུག་དལ་བོར་བྱས་པས་ངོ་བོར་འགྱུར་ལྡོག་ཐེབས་ཏེ་ལག་པས་འཐེན་རྒྱུ་ཡོད་པ་ཆགས་ཀྱི་ཡོད་ཅིང་སྦྲང་ཤད་རྒྱག་པ་ལྟར་ཡར་མར་འཐེན་རྗེས་སྐམ་ལ་གཏོང་བ་ཡིན། སྐབས་དེར་ཆུ་ཐེངས་གཅིག་ཙམ་ཕུད་ན་ལ་ལ་དེ་བྲོ་བ་ལེགས་ལ་མངར་སྐྱུར་མཚམས་པོ་འབྱུང་བ་ཡིན། གལ་ཏེ་ཆུ་ཕུད་དྲགས་ན་ལ་ལ་དེ་བཅུད་ཞན་པ་དང་། སྐྱུར་ཚགས་སྣུམ་མེད་དུ་འགྱུར་གྱི་ཡོད།ཡང་བཟོ་སྟངས་གཞན་ཞིག་ལ་འོ་མའི་སྟེང་དུ་དར་བ་སྐྱུར་མོ་མང་ཉུང་འོས་འཚམས་ཤིག་བླུགས་རྗེས་དཀྲུག་དཀྲུག་དལ་བོར་བྱས་ནས་བཟོ་བ་ཡིན་མོད།བཟོ་སྟངས་དེར་དར་བ་འདྲེས་སྟབས་ཅུང་ཟད་སྤུས་ཞན་གྱི་རྣམ་པ་ཐོན་སྲིད་ལ།ལྷག་པར་དུ་དར་བ་མང་དྲགས་ན་སྐྱུར་བའི་རྐྱེན་གྱི་འཐེན་ཐབས་མེད་པར་ཆགས་པ་དང་། ཁར་ཟོས་དུས་རོ་སྐྱུར་བ་སོགས་ཀྱི་སྐྱོན་ཆ་ཐོན་སྲིད་ལ། དར་བ་ཉུང་དྲགས་ན་དེ་བས་ལ་ལ་བཟོ་རྒྱུར་ལོ་བའི་ངོ་བོ་འབྱར་བག་ལྡན་པ། ལག་པས་ཕྱོགས་གང་དུ་འཐེན་ཀྱང་འཐེན་རྒྱུ་ཅན་དུ་ཆགས་མི་ཐུབ་པ་བཅས་ཡིན།
དེ་ལྟར་ཕྱུར་བ་བཟོ་སྟངས་དེའི་རིགས་ནག་ཆུའི་དཀྱིལ་རྒྱུད་ཁུལ་དུ་དར་ཁྱབ་ཆེ་ཞིང་།ཕྱུར་ལེབ་དེའི་མིང་ཡང་ལ་ལ་ཞེས་བརྗོད་ཀྱི་འདུག་ལ། མིང་དེར་ཧོབ་སྟེ་བལྟས་དུས་རྒྱ་སྐད་ཀྱི་སྒྲ་ཟུར་ཆགས་འདྲ་བོ་འདུག་ཀྱང་བགྲེས་སོང་མང་པོ་ཞིག་ལ་བཀའ་འདྲི་ཞུས་པར།
མིང་དེའི་གོ་དོན་དང་རྒྱུ་མཚན་འདི་ཡིན་ཤོད་རྒྱུ་མེད་ཀྱང་ཆེས་སྔར་དུས་ནས་ལ་ལ་ཁོ་ན་བརྗོད་ཀྱི་ཡོད་ཚུལ་གཅིག་མཚུངས་ཡིན་པར་གཞིགས་ན་རྒྱ་སྐད་ཀྱི་སྒྲའི་ཟུར་ཆགས་མིན་པར་གནའ་བོའི་བརྡ་རྙིང་ཞིག་ཡིན་ནམ་སྙམ་པས་གཟུར་གནས་མཁན་ཚོས་དཔྱད་པ་གནང་འོས་ཆེ། ཡང་བོད་ལྷོ་རྒྱུད་ཁུལ་ལ་ལར་ལྡེབ་བེ་ཞེས་དར་བ་མེ་ལ་ཅུང་ཟད་ཚ་བོ་བཟོས་པའི་སྟེང་དུ་ཕྱུར་ཁུ་དྲོད་མོ་འོས་འཚམས་བླུགས་ནས་དཀྲུག་དཀྲུག་བཏང་བས་འདར་མ་འདུར་ཞིག་ཏུ་ཆགས་པའི་སྐབས་ཕྱུར་ཁུ་རིགས་ཕལ་ཆེར་ཕྱི་ལ་བཞུར་རྗེས་མེ་ལ་བསྐོལ་བ་དེ་ཉིད་རྡོག་པོ་ལེབ་མོ་དང་།རིང་པོར་འཐེན་པ་སོགས་གོང་གི་ཕྱུར་ལེབ་དང་ཆ་འདྲ་བ་དག་ཀྱང་ཡོད་སྐད་འདུག
༢.ཕྱུར་སྐམ། ཕྱུར་སྐམ་ནི་ནག་ཆུའི་བྱང་སྟོད་ས་ཁུལ་གྱི་འབྲོག་པ་ཚོས་བཟོ་སྲོལ་ཆེན་པོ་ཡོད་ཅིང་། བཟོ་ལུགས་འགའ་ཞིག་ཡོད་རུང་། གཙོ་བོ་དར་བ་བསྐོལ་ནས་ལྭ་བོ་བཅད་རྗེས་བཟོ་བ་ཡིན་ལ། དེ་ཡང་རབ་བྱུང་ན་ལྭབ་འདུར་ཞེས་ལྭ་བོ་སླ་བོ་བསྐོལ་སྐབས་མེ་ཚ་གྲང་གི་ཁྱད་པར་ལས་སླ་བོ་བྱུང་བ་དེ་འདྲ་ཡིན་ན་ལེགས་པ་ཡོང་ཚུལ་ཤོད་སྲོལ་འདུག་ཅིང་དེར་བྱེ་མ་ཀ་ར་བཏབ་ནས་གྲུ་བཞི་དང་། རིལ་མོ། སྤགས་ཆང་ལྟར་སྤར་བཙིར་བྱས་པའི་ནར་མོ་སོགས་བཟོ་དབྱིབས་གང་འོས་སུ་བཟོས་རྗེས་སྐམ་ལ་གཏོང་བ་ཡིན།ཕྱུར་སྐམ་དེ་ཉིད་སྐམ་ལ་གཏོང་སྐབས་ཉི་མ་ཚ་དྲག་ན་ཁ་དོག་སེར་ཤས་ཅན་དང་།ངོ་བོ་སྲ་བ་སོགས་ཀྱི་སྐྱོན་ཆ་འབྱུང་སྲིད་ཕྱིར་ངེས་པར་དུ་བསིལ་སྐམ་མམ། ཡང་ན་རས་སྲབ་རེས་སྟེང་ནས་ཁེབས་བཀབ་ནས་སྐམ་ལ་གཏོང་དགོས་པ་ཡིན། ཕྱུར་སྐམ་ཡག་ཤོས་ནི་འོ་ཕྱུར་ཞེས་འོ་མ་སྤྲི་བཅད་ཀྱི་ནང་དུ་མངར་ཆ་བཏབ་ནས་བཟོས་པ་ནི་སྣུམ་ཞིང་མངར་ལ་རོ་བཅུད་ཆེ་བའི་ཁ་ཟས་མཆོག་ཏུ་གྱུར་བ་ཞིག་ཡིན།
༣.སིལ་སིལ་འཕག་འཕག དེ་ནི་དར་བ་སྐོལ་སྐབས་མེ་ཚ་འཇམ་རན་པོ་མ་བྱུང་བ་སོགས་ཀྱིས་རྐྱེན་པས་འདུར་འདུར་སླ་མོ〈བྱང་འབྲོག་ནུབ་རྒྱུད་པས་ལབ་འདུར་ཡང་ཟེར〉དེ་ལ་བྱེ་མ་ཀ་ར་སོགས་མངར་གྱི་བཏབ་ནས་བཟོས་པའི་ཕྱུར་བའི་ཟས་རིགས་ཤིག་ཡིན།
༤.མངར་ལངས། དེ་ནི་དར་བ་བསྐོལ་སྐབས་ཕྱུར་ཁུ་དང་དྭངས་སྙིགས་ཆེར་ཕྱེ་མ་ཐུབ་ཅིང་། རོ་ཤིན་ཏུ་སྐྱུར་བའི་ཕྱུར་བའི་རིགས་སྒྱེ་མོ་སོགས་སུ་སྔ་རྗེས་རིམ་བསགས་ཀྱིས་གཅིག་ཏུ་བླུགས་ནས་མེ་འགྲམ་དང་། ཉི་མ་ཕོག་ཡུལ་སོགས་དྲོད་ཅུང་ཟད་ཡོད་སར་ཡུན་རིང་བཞག་པས་ཅུང་ཟད་རུལ་རྩི་ཕོག་པའི་རྣམ་པ་ཆགས་སྐབས། ཕྱུར་བ་དེ་ངོ་བོ་འགྱུར་ནས་འོ་ཕྱུར་ལྟར་རོ་ཤིན་ཏུ་མངར་བ་ཞིག་ཏུ་འགྱུར་གྱི་ཡོད་པ་དེར་མངར་ལངས་ཞེས་ཟེར། འོན་ཀྱང་ཕྱུར་བ་དེ་འཇུ་ཅུང་ཟད་དཀའ་བས་ཕོ་བའི་མེ་དྲོད་ཞན་པའི་རིགས་དང་། ཕོ་བ་སྨུག་པོའི་ནད་རྙིང་ཡོད་པ་ཚོས་ལོངས་སུ་མང་པོ་སྤྱོད་རྒྱུ་མེད་པར་གྲགས།
༥.ཨན་རྡ། དེ་ལ་རིགས་གཉིས་ཙམ་ཡོད་པ་སྟེ།དང་པོ་ནི་མར་བཏོན་ཟིན་པའི་དར་བ་དེ་མེ་ལ་བསྐོལ་ཡོང་སྐབས་དྭངས་སྙིགས་སུ་ཕྱེ་འཕྲལ་ཐབ་ནས་ཕབ་སྟེ། ཕྱུར་བ་ལོགས་སུ་ཕྱེ་བའི་སྔོ་སིང་དེ་ཡུན་རིང་བསྐོལ་ནས་རྡོག་པོར་འདྲིལ་སྙམ་བྱེད་པའི་སྐབས་སུ་ཐབ་ནས་ཕབ་ནས་ཁ་ལ་ཟ་རུང་ལ། དེ་མིན་ཉི་འོད་འགོག་བྱེད་དུ་གདོང་ལ་བྱུག་སྲོལ་ཡོད་པ་རེད། གཉིས་པ་ནི་མར་བཏོན་ཟིན་པའི་དར་བ་དེ་མེ་ལ་བསྐོལ་ནས་དྭངས་སྙིགས་གཉིས་ཕྱེ་ནས་ཀྱང་ཅུང་ཟད་བསྐོལ་རྗེས་ཕྱུར་བ་ལོགས་སུ་ཕྱེ་ནས་དྭངས་མ་དེ་ཉིད་སླར་ཡང་མེ་ལ་ཡུན་རིང་བསྐོལ་ནས་རྡོག་པོར་འདྲིལ་སྙམ་བྱེད་སྐབས། གོང་ལྟར་ཁ་ལ་ཟ་བ་དང་གདོང་ལ་བྱུག་རྒྱུ་སོགས་སུ་བེད་སྤྱོད་གཏོང་ཆོག་པ་ཡིན། འོན་ཀྱང་ཨན་རྡ་དེ་ཁ་ལ་ཞིམ་ཀྱང་ཁོག་པ་ཐུར་དུ་བཤལ་བའི་ནུས་པ་ངེས་ཅན་ལྡན་སྟབས། མང་པོ་བཟོས་ན་ཕོ་བས་འཇུ་མི་ནུས་པར་ཐུར་དུ་བཤལ་གྱི་ཡོད་ལུགས་ཨན་རྡ་ལོངས་སུ་སྤྱོད་མྱོང་མཁན་རྣམས་ཀྱི་ཤོད་སྲོལ་འདུག་གོ།།
རྩོམ་གསར། 10