ཡ་མཚན་པའི་དོན་དངོས།

དགེ་གྲྭ་རྒྱལ།        2023-07-13

མིའི་ལང་ཚོ་ཅི་འདྲ་མཛེས་ན་ཡང་། །

མིག་ལྡེམ་པ་ཙམ་ལས་རྒུད་འགྲོ་ཀི །

རྒྱུ་འབྱོར་བ་ཅི་འདྲ་ཆེ་ན་ཡང་། །

ཚེ་ཉོ་པའི་རིན་ཐང་ཡོད་མ་ཡིན། །

ཕྱི་མཛེས་པའི་མེ་ཏོག་འདྲ་ན་ཡང་། །

ནང་སེམས་པ་ཉི་ཤུའི་མུན་ནག་རེད། །

ངོ་གདོང་ལ་འཛུམ་ཞིག་བཞད་ན་ཡང་། །

ནང་སེམས་པ་མེ་ཏོག་དུག་ལྡན་བཞིན། །

ཡུལ་མི་རྟག་འཇིག་རྟེན་འཁོར་གྲོང་ན། །

མི་བཟང་ངན་མེ་ཏོག་དགའ་ཚལ་འདྲ། །

ཁ་ཚིག་འཇམ་པི་ཝང་སྒྲ་ལས་སྙན། །

སེམས་ཞི་འཇམ་ཡོད་པ་ཉིན་སྐར་བཞིན། །

ཕྱི་ལུས་གཟུགས་རྒུད་ནས་ཤི་ལ་ཁད། །

གདོང་གཉེར་མའི་གང་རུང་སེམས་གསོན་འདུག །

ཡུལ་མི་རྟག་འཇིག་རྟེན་གྲོང་ཁྱེར་ནས། །

སེམས་ཞེན་སའི་དངོས་པོ་གང་དང་གང་། །

གདོང་འཛུམ་ཞིག་བཞད་ནས་ལས་ལ་ཉེ། །

ཁ་ཞི་འཇམ་ཚིག་སྙན་བཟི་ཁ་ཅན། །

གྲོགས་སྤུན་ཟླའི་ཐ་སྙད་སྤྱད་ན་ཡང་། །

སེམས་གཡོ་སྒྱུ་ཡོད་མེད་སུ་ཡིས་ཤེས། །


  • ལེ་ཚན་སྔོན་མ།:སྐྱིད་སྡུག་མཉམ་འདེགས།
  • ལེ་ཚན་རྗེས་མ།:རྣམ་དག་ཚེ་ལ་བྲིས་པའི་ཡིག་ཆུང་།