2023ལོའི་གངས་དཀར་རྟགས་མའི་ས་ཁུལ་བར་གྱི་ན་གཞོན་རྐང་གྲུག་གདན་ཞུ་འགྲན་བསྡུར་སྐབས་དང་པོ་དར་མདོར་སྤེལ།

ནོར་བུ་དང་ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།        2023-07-12

2023ལོའི་གངས་དཀར་རྟགས་མའི་ས་ཁུལ་བར་གྱི་ན་གཞོན་རྐང་གྲུག་གདན་ཞུ་འགྲན་བསྡུར་སྐབས་དང་པོ་དར་མདོར་སྤེལ།

སྤྱི་ཟླ7པའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། དཀར་མཛེས་ཁུལ་སློབ་གསོ་ལུས་རྩལ་ཅུས་དང་ཀྲུང་གུང་དར་མདོ་གྲོང་ཁྱེར་ཏང་ཨུ། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བའི2023ལོའི་གངས་དཀར་རྟགས་མའི་ས་ཁུལ་བར་གྱི་ན་གཞོན་རྐང་གྲུག་གདན་ཞུ་འགྲན་བསྡུར་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་དར་མདོའི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་སྤེལ་བ་རེད།

ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཞའོ་ཕིང་འགོ་ཚུགས་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ་བ་དང་།ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚའོ་ཞ་ཡིས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཕིང་དང་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཧྲོའུ་ཞང་ཅུན། ཞིང་ཆེན་རྐང་གྲུག་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། དྲུང་ཆེན་ཧུའུ་ཕུང་ཁྲུན། ཁུལ་མགོ་ཁྲིད་ཀྲང་ཐུང་རུང་དང་། ཝང་ཡུས་ཆུང་། ཡོན་མིང་ཀོང་། རིན་ཆེན། ལི་ཆང་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

མཛད་སྒོ་འགོ་བརྩམས་མ་ཐག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་གངས་དཀར་རྟགས་མའི་ས་ཁུལ་བར་གྱི་རྐང་གྲུག་འགྲན་བསྡུར་སྐབས་དང་པོའི་ཚོགས་དར་སྒྲེང་བ་དང་ཆབས་ཅིག་གདན་ཞུའི་འགྲན་བསྡུར་དངོས་སུ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་ལ་བོད་ལྗོངས་དང་མཚོ་སྔོན། ཡུན་ནན། ཀན་སུའུ། སི་ཁྲོན་བཅས་ནས་ཡོང་བའི་ཁུལ་རིམ་པའི་འགྲན་ཞུགས་རུ་ཁག་དགུ་ཡོད་པ་དང་། དུས་ཡུན་ནི་སྤྱི་ཟླ7པའི་ཚེས8ནས14ཉིན་བར་ཡིན་ཏེ། འདི་ནི་ས་ཁུལ་བར་གྱི་དཔལ་འབྱོར་དང་རིག་གནས་སོགས་སྤེལ་རེས་ཇེ་ཟབ་ཏུ་གཏོང་བའི་མཛའ་གྲོགས་ཀྱི་སྟེགས་བུ་ཞིག་ཡིན་ལ། མི་རིགས་བར་འགྲོ་འོང་གི་འབྲེལ་ཐག་ཞིག་ཀྱང་ཡིན་པ་རེད།

ཧོ་ཞའོ་ཕིང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་ལུས་རྩལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་གཏོང་བ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལུས་རྩལ་བྱེད་སྒོར་ཞུགས་པའི་རྣམ་པ་ཉིན་རེ་བཞིན་ཇེ་ཡག་ཏུ་ཕྱིན་ཡོད། 2023ལོའི་གངས་དཀར་རྟགས་མའི་ས་ཁུལ་བར་གྱི་ན་གཞོན་རྐང་གྲུག་གདན་ཞུའི་འགྲན་བསྡུར་སྐབས་དང་པོ་སྤེལ་བ་དེ་སྤུན་ཟླའི་གྲོང་ཁྱེར(ཁུལ)བར་འགྲོ་འོང་སྤེལ་རེས་མཉམ་འདྲེས་དང་། ཕན་ཚུན་རོགས་རེས། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་བཅས་མངོན་འགྱུར་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། ད་ཐེངས་འགྲན་བསྡུར་གྱིས་རྒྱ་ཆེ་བའི་ལྟད་མོ་བ་ཚོར་ངོ་མཚར་ཆེ་ལ་ཁྱད་དུ་འཕགས་པའི་རྐང་གྲུག་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས་བོད་འབྲེལ་ས་ཁུལ་གྱི་མིང་བྱང་གསར་པ་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཤན་འབྱེད་པའི་འཐུས་མིས་དྲང་གཞག་ངང་ཤན་འབྱེད་བྱ་རྒྱུ་དང་། ལུས་རྩལ་པའི་འཐུས་མིས་འགྲན་སྡུར་ལ་ནན་ཏན་གྱིས་ཞུགས་ཏེ་ཆུ་ཚད་དང་ཉམས་འགྱུར་མངོན་པར་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་རེད།

འགོ་ཚུགས་མཛད་སྒོར《གླུ་གར་མཆོད་པ》དང《རླུང་གིས་གཤོག་པ་བྱེད》《བརྩེ་བ་རི་མོ་འདྲ》སོགས་གླུ་གར་ལེ་ཚན9རིམ་པ་བཞིན་བསྟན་ཞིང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནས་ཡོང་བའི་སློབ་མ120ལྷག་གླུ་མ་ནམ་མཁའ་མཚོ་དང་གླུ་པ་ཙའེ་ཏི། གླུ་པ་བློ་བཟང་ཚེ་རིང་། གླུ་མ་དབྱངས་ཅན་མཚོ། གླུ་མ་དབྱངས་ཅན་ལྷ་མོ་སོགས་རང་ཡུལ་རང་སའི་གཞས་པ་ཚོ་དང་མཉམ་དུ་གར་སྟེགས་སུ་དཀར་མཛེས་ཁུལ་གྱི་འོད་སྟོང་འཕྲོ་བའི་རིག་གནས་དང་གསར་གཏོད་ཀྱི་གོམ་སྟབས་མངོན་པ་རེད།

འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་བོད་ལྗོངས་ཆབ་མདོའི་འཐུས་མི་རུ་ཁག་དང་སི་ཁྲོན་དཀར་མཛེས་ཁུལ་གྱི་འཐུས་མི་རུ་ཁག་བར་རྐང་གྲུག་འགྲན་བསྡུར་སྤེལ་བ་དང་། མཐར་བོད་ལྗོངས་ཆབ་མདོ་རྐང་གྲུག་རུ་ཁག་གིས་རྐང་གྲུག་གཉིས་འཕངས་ནས་རྒྱལ་ཁ་ཐོབ་པ་རེད།།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་གངས་དཀར་རྟགས་མའི་རྐང་གྲུག་གདན་ཞུ་འགྲན་བསྡུར་ལ་ཞུགས་མཁན་གྲོང་ཁྱེར་དང་ཁུལ་གྱི་སྣེ་ཁྲིད་པར་མཇལ་འཕྲད་གནང་ཞིང་རྐང་གྲུག་པ་དང་སྦྱོང་ཁྲིད་པ་ལ་འཚམས་འདྲི་གན
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ནོར་སྲིད་གཏོང་ཡོང་ཕྱེད་གཉིས་བརྒལ་བའི་ལས་འགན་ལེགས་གྲུབ་བྱུང་ཡོད།
  • དོ་སྣང་ཆེ་བའི་རྩོམ།